ཤོག་གྲངས་༡༠༧ འབད་མི་ གཟུགས་ཁམས་གནས་དེབ་དེ་ ཨ་རྟག་ར་ རང་དང་གཅིག་ཁར་བཞག་སྟེ་ སྨན་ཁང་ནང་ ནམ་ར་འགྱོ་རུང་ བཏོན་ཆོགཔ་སྦེ་ གྲ་སྒྲིག་བཟོ་ཡོདཔ་ད་ གནས་དེབ་དེ་གིས་ ཉིནམ་ཨ་རྟག་ར་ སྨན་ཁང་ནང་ འགྱོ་མི་ཚུ་གི་དོན་ལུ་ སྨན་ཡིག་གསརཔ་ ལེན་མི་དགོ་ནི་ཨིན་པས།
གནས་དེབ་རྩོམ་མི་ གསོ་བའི་ལས་རོགསཔ་ ཚེ་རིང་གིས་འབད་བ་ཅིན་ དེབ་ཆུང་དེ་གིས་ ཉིན་བསྟར་བཞིན་དུ་ སྨན་ཡིག་ལེན་མ་དགོ་པའི་ཁར་ ནད་གཞིའི་སྐོར་ལས་ཡང་ ཐོ་བཀོད་ལེགས་ཤོམ་འབད་དེ་ གནས་སྡུད་བཞག་ནི་ལུ་ ཕན་པ་ཡོད་ཟེར་ཨིན་པས།
ཚེ་རིང་གིས་ སླབ་མིའི་ནང་ གནས་དེབ་བརྩམ་ནིའི་སྐོར་ལས་ ཁོ་གིས་ སྤ་རོ་འབྲུག་རྒྱལ་འབྲིང་རིམ་སྨན་ཁང་ནང་ སྡོད་པའི་སྐབས་ མནོ་བསམ་བཏང་ཡི་ཟེར་ཨིནམ་ད་ དེ་ཡང་ གྲོང་གཡུས་ནང་སྡོད་མི་ཚུ་གིས་ སྨན་ཡིག་ཚུ་ ལེགས་ཤོམ་འབད་ བདག་འཛིན་མ་འཐབ་པར་ སྨན་ཁང་ནང་ ནམ་ར་འགྱོ་རུང་ སྨན་ཡིག་གསརཔ་ ལེན་ནི་འདུག་ཟེར་ཨིནམ་ད་ དེ་འབདཝ་ལས་ ནདཔ་རྙིངམ་ཚུ་ ལོག་ཅི་ར་ བརྟག་དཔྱད་འབད་དགོཔ་ ཐོནམ་མས་ཟེར་ཨིན་པས།
ནདཔ་རྙིངམ་ཚུ་ ལོག་བརྟག་དཔྱད་འབདཝ་ད་ ད་རུང་ འགོ་ཐོག་ལས་ར་ བརྟག་དཔྱད་འབད་དགོཔ་ཐོནམ་ལས་ དུས་ཚོད་འཕྲོ་བརླག་འགྱོཝ་མས་ཟེར་ཨིན་པས།
ད་རེས་ཀྱི་ གཟུགས་ཁམས་གནས་དེབ་དེ་ ལག་ལེན་འཐབ་པ་ཅིན་ འགོ་ཐོག་བརྟག་དཔྱད་འབད་མི་ ནད་གཞིའི་སྐོར་ལས་ ཁ་གསལ་ཚུད་ནི་ཨིནམ་ལས་ ཤུལ་ལས་ སྨན་ཁང་ནང་འགྱོ་རུང་ ནད་བརྟག་འབད་ནི་ལུ་ འཇམ་པའི་ཁར་ དུས་ཚོད་ཡང་ འཕྲོ་བརླག་མི་འགྱོ་ཟེར་ཨིན་པས།
དེ་མ་ཚད་ རང་བཞིན་གནས་སྟངས་ ཉམས་སྲུང་འབད་ནི་ལུ་ཡང་ ཕན་པ་འདུག་ཟེར་ཨིནམ་ད་ ཚེ་རིང་གིས་འབད་བ་ཅིན་ ད་རེས་ནངས་པ་ རྒྱལ་ཁབ་ཀྱི་ རང་བཞིན་གནས་སྟངས་ལུ་ གནོད་སྐྱོན་རྐྱབ་མི་ཅིག་ ཤོག་ཀུ་ཚུ་ཨིནམ་ད་ མི་ཚུ་གིས་ སྨན་ཡིག་དེ་བདག་འཛིན་མ་འཐབ་པར་ ག་ལྷོད་བཀོག་བཞགཔ་ཟེར་ཨིན་པས།
ཐིམ་ཕུ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ འཛིན་སྐྱོང་འགོ་དཔོན་ བཀྲིས་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ གཟུགས་ཁམས་གནས་དེབ་དེ་གིས་ སྨན་ཡིག་ལག་ལེན་འཐབ་ནི་དེ་ མར་ཕབ་འབད་ཚུགས་ཟེར་ཨིནམ་ད་ དེ་ཡང་ ལོ་རེ་ནང་ ནདཔ་ཉུང་ཤོས་༦༠༠,༠༠༠ རེ་ལུ་ སྨན་གྱི་ཞབས་ཏོག་ བྱིན་མིའི་ཐོ་དང་འཁྲིལ་བ་ཅིན་ སྨན་ཡིག་ཉུང་ཤོས་༥༠༠,༠༠༠ རེ་སྤྲོད་དོ་ཡོདཔ་ལས་ དེ་ལུ་ ཟད་འགྲོ་ཉུང་ཤོས་ དངུལ་ཀྲམ་འབུམ་༢ དེ་ཅིག་ གནསཔ་མས་ཟེར་ཨིནམ་ད་ གནས་དེབ་དེ་ ལག་ལེན་འཐབ་པ་ཅིན་ གཞུང་གི་ཟད་འགྲོ་ཡང་ མར་ཕབ་རྐྱབ་ཚུགས་པའི་ གོ་སྐབས་འདུག་ཟེར་ཨིན་པས།
རང་བཞིན་གནས་སྟངས་མཁས་མཆོག་ཚུ་གིས་འབད་རུང་ གནས་དེབ་དེ་གིས་ སྨན་ཡིག་ལག་ལེན་འཐབ་མི་ མར་ཕབ་འབད་ཚུགས་པ་ཅིན་ རང་གཞིན་གནས་སྟངས་ལུ་ཡང་ ཕན་ཁྱད་འོང་ཟེར་ཨིནམ་ད་ སྨན་ཡིག་གི་ ཕྱི་ཤོག་དེ་ ཚོས་གཞི་ཡོད་མི་ ཤོག་ཀུ་ཅིག་ཨིནམ་ལས་ ག་ལྷོད་བཀོ་བ་ཅིན་ ས་དང་ཆུ་ལུ་ གནོད་སྐྱོན་ཡོདཔ་མ་ཚད་ མེ་གཏང་རུང་ བཙོག་རླུང་འཐོན་འོང་ཟེར་ཨིན་པས།
ལོ་ངོ་༡༧ དེ་ཅིག་ གསོ་བའི་ལས་རོག་པའི་ལཱ་འབད་མི་ ཚེ་རིང་གིས་འབད་བ་ཅིན་ གཟུགས་ཁམས་གནས་དེབ་དེ་ མི་ཚུ་གིས་ ལེགས་ཤོམ་འབད་ ལག་ལེན་འཐབ་བ་ཅིན་ མི་ཚེ་གཅིག་ ལང་ཚུགས་ཟེར་ སླབ་ཨིན་པས།
གཟུགས་ཁམས་གནས་དེབ་དེ་ ན་ཧིང་ སྤྱི་ཟླ་༡༢ པའི་ནང་ པར་སྐྲུན་འགོ་བཙུགས་ཞིནམ་ལས་ ད་ཚུན་གྱི་བར་ན་ གྱངས་ཁ་༢,༠༠༠ ལྷགཔ་ཅིག་བཙོང་ཚུགས་ཅི་ཟེར་ཨིནམ་ད་ གནས་དེབ་རེ་ལུ་ གོང་ཚད་དངུལ་ཀྲམ་༡༠༠ རེ་ ཨིན་པའི་གནས་ཚུལ།
བསྟན་འཛིན་རྣམ་རྒྱལ།
No comments:
Post a Comment