གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ངན་ལྷད་དང་འབྲེལ་བའི་ རྩོད་དོན་༧ ནང་ མི་༢༠ དེ་ཅིག་ལུ་ཉེས་འཛུགས།

ཁྲིམས་འདུན་འགོ་དཔོན་ཚུ་གིས་འབད་བ་ཅིན་ སྙན་གསན་ཚུ་ འཕྲལ་ར་འགོ་བཙུག་འོང་ཟེར་ཨིན་པས།
བཟོ་སྐྲུན་གྱི་ སྤུས་ཚད་ལེགས་ཤོམ་མེད་མི་ལུ་བརྟེན་ ས་ཡོམ་རྐྱབ་ད་ རྩ་བ་ལས་ རམ་སོང་མི་ ན་རང་སྨན་ཁང་འབྲིང་མ།

༉ བདུན་ཕྲག་ཧེ་མའི་ནང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཁག་འབགཔ་དང་ ཚོང་པ་ ཞི་གཡོགཔ་འབདཝ་ད་ བསྡོམས་ཀྱིས་ མི་གྲངས་༢༠ དེ་ཅིག་ལུ་ བཟོ་སྐྲུན་ནང་ ངན་ལྷད་དང་འབྲེལ་བའི་ ཉེས་འཛུགས་༡༧ བཀོད་དེ་ ཁྲིམས་བཤེར་གྱི་དོན་ལུ་ མོང་སྒར་རྫོང་ཁག་ཁྲིམས་ཀྱི་འདུན་སར་ བཤེར་ཡིག་བཙུགས་ཡོདཔ་ཨིན་པས།

དེ་ཡང་ ཀུན་གསལ་གྱིས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ མོང་སྒར་ཟིམ་བཟོ་རོང་དང་ སྐྱེངས་མཁར་གྱི་ཞིང་ལམ་དང་ ན་རང་སྨན་ཁང་འབྲིང་མ་ བ་ལམ་རྒཔོ་ཡིག་ཚང་ གཡུ་ཟླ་རི་སློབ་གྲྭའི་དབུ་འཛིན་གྱི་ ཁྱིམ་བཟོ་སྐྲུན་ ན་རང་དང་ དགྲ་མེད་རྩེའི་ཞིང་ལམ་ དེ་ལས་ ན་རང་སྨན་ཁང་འབྲིང་མའི་ འཐུང་ཆུ་བཏོན་ནི་དང་ རྩིག་སྐྱོར་རྐྱབ་ནིའི་ ཁག་འབག་གི་ ལཱ་ཚུ་ནང་ འབྲེལ་གནད་ཡོད་མི་ཚུ་ཨིནམ་ད་ ཁག་འབགཔ་ལ་ལུ་ཅིག་གིས་ ཁག་འབག་གི་ལཱ་ཚུ་ གཞན་ལུ་འབད་བཅུག་ཡོདཔ་ཨིན་པས།
གཡོ་སྒྱུ་ཐོག་ལས་ སྤྲོད་ཡོད་པའི་ མངོན་གསལ་བྱུང་མི་ ཁག་འབག་གི་ ལས་སྣ་༥ འི་ནང་ འབྲེལ་གནད་ཡོད་མི་ མོང་སྒར་རྫོང་ཁག་བཟོ་རིག་འགོ་དཔོན་ལས་རོགས་ ཚེ་རིང་ནོར་བུ་ལུ་ གཡོ་སྒྱུ་ལག་ལེན་དང་ ནང་གསུག་སྤྲོད་ལེན་ ཡིག་ཆ་རྫུས་མ་ ཁྲིམས་མཐུན་འོང་འབབ་དང་ ཆ་ཚད་མ་སྙོམས་པའི་ དངུལ་གྱི་ཐོན་ཁུངས་ དབང་ཚད་ལོག་སྤྱོད་དང་ ཁྲིམས་མཐུན་དབང་འཛིན་ལུ་ རྒོལ་འགོག་འབད་བ་ལ་སོགས་པའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
ཚེ་རིང་ནོར་བུ་དེ་ གཡོ་སྒྱུ་ལག་ལེན་ཚུ་ནང་ འབྲེལ་གཏོགས་ཡོད་པའི་ མངོན་གསལ་བྱུང་མི་དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ སྤྱི་ལོ་༢༠༠༩ ཟླཝ་༩ པ་དང་ སྤྱི་ལོ་༢༠༡༠ ཟླཝ་༤ པའི་བར་ན་ ཟིམ་བཟོ་རོང་དང་ སྐྱེངས་མཁར་གྱི་ ཞིང་ལམ་བཟོ་སྐྲུན་ལུ་ ཞིབ་དཔྱད་འབདཝ་ད་ ཀེ་སི་བཟོ་སྐྲུན་ལས་སྡེ་གིས་ ལས་མི་སྦེ་ལེན་མི་ ཚེ་རིང་ནོར་བུ་གིས་ ཁག་འབགཔ་ལས་ དངུལ་ཀྲམ་༢༧༠,༠༠༠ ནང་གསུག་ལེན་ཡོདཔ་མ་ཚད་ ན་རང་སྨན་ཁང་འབྲིང་མ་སྡེ་རིམ་༢ པ་རྐྱབ་མི་ ཡུ་དབང་ཕྱུག་བཟོ་སྐྲུན་ལས་སྡེའི་ བཟོ་རིགཔ་ཡང་ ཁོ་ཨིན་པའི་ ངོས་འཛིན་བྱུང་ནུག།
མ་དངུལ་ས་ཡ་༡༩.༢ འབད་མི་ ཟིམ་བཟོ་རོང་དང་ སྐྱེངས་མཁར་ཞིང་ལམ་དེ་ ཀི་ལོ་མི་ཊར་༤ དེ་ཅིག་ བསལ་ཚར་བའི་ཤུལ་ལུ་ ཚུལ་མིན་ལག་ལེན་ལུ་བརྟེན་ ཁག་འབག་གི་ ལཱ་དེ་ ཆ་མེད་བཏང་ཡོདཔ་ཨིན་པས།
དེ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ སྤྱི་ལོ་༢༠༠༩ ཟླཝ་༩ པའི་ཚེས་༢༡ ལུ་ ས་ཡོམ་ཤུགས་འབད་རྐྱབ་ད་ རམ་སོང་མི་ ན་རང་སྨན་ཁང་འབྲིང་མའི་ ཁག་འབག་གི་ བྱ་རིམ་ཚུ་ལུ་ ཞིབ་དཔྱད་འབདཝ་ད་ བཟོ་སྐྲུན་གྱི་ལཱ་དེ་ གཡོ་སྒྱུ་དང་ རྣམ་དག་མེད་པའི་ཐོག་ལས་ སྤྲོད་ཡོདཔ་མ་ཚད་ ཚེ་རིང་ནོར་བུ་གིས་ རིན་བསྡུར་ཡིག་ཆ་ དཔེར་ན་ དངུལ་ཁང་གི་ ཉེན་ལེན་དང་ ལཱ་གི་ཉམས་མྱོང་ཡིག་ཆ་ཚུ་ རྫུས་མ་བཟོ་སྟེ་ བཙུགས་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་ད་ སྨན་ཁང་རམ་སོང་མི་དེ་ཡང་ སྤུས་ཚད་ཅན་གྱི་ བཟོ་སྐྲུན་རྒྱུ་ཆས་ཚུ་ ལག་ལེན་མ་འཐབ་ནི་དེ་གིས་ཨིན་པས་ཟེར་ ཧེ་མའི་ ཀུན་གསལ་གྱི་ དྲིས་ལན་ཅིག་ནང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ འགོ་དཔོན་ཅིག་གིས་བཤད་ཅི།
སྤྱི་ལོ་༢༠༠༦–༢༠༠༧ ལུ་ མ་དངུལ་ས་ཡ་༤.༣ དེ་ཅིག་གི་ཐོག་ལས་རྐྱབ་མི་ སྨན་ཁང་བཟོ་སྐྲུན་ནང་ གྱང་རྩིག་དང་ གདངམ་ཚུ་སྒྲིང་སྒྲིང་སྦེ་ རྒྱབ་རྟེན་འབད་མི་ རྩི་སའི་བཟོ་སྐྲུན་མ་འབད་བའི་ཁར་ རྒྱུ་ཆས་ དཔེར་ན་ ཤིང་ཆས་ཁུག་ཁུགཔ་ ལག་ལེན་མ་འཐབ་མ་ཚད་ སྤུས་ཚད་མེད་པའི་ རི་ཁའི་བྱེམ་ ལག་ལེན་འཐབ་ཡོད་པའི་ མངོན་གསལ་བྱུང་ཡོདཔ་ད་ ས་ཡོམ་རྐྱབ་པའི་སྐབས་ སྨན་ཁང་འབྲིང་མ་དང་ སྨན་པའི་སྡོད་ཁྱིམ་༣ ནདཔ་གི་ཐབ་ཚང་ ཁྲུས་ཁང་ གསང་སྤྱོད་འབདཝ་ད་ ཁང་ཚན་༥ པོ་ཆ་ར་ རམ་སོཔ་ཨིན་པས།
ན་རང་སྨན་ཁང་ བཟོ་སྐྲུན་འབད་ནིའི་དོན་ལུ་ ཁག་འབགཔ་༣ གྱིས་ བཅའ་མར་གཏོགསཔ་ད་ ཡུ་དབང་ཕྱུག་བཟོ་སྐྲུན་ལས་སྡེ་གིས་ གོང་ཚད་མཐོ་ཤོས་བཀོད་ཡོད་རུང་ གོང་ཚད་དམའ་ཤོས་ལུ་མིན་པར་ བཟོ་སྐྲུན་ལས་སྡེ་དེ་ལུ་ སྤྲོད་ཡོདཔ་ད་ མ་གཞི་ ཁག་འབག་གི་ལཱ་དེ་ མ་དངུལ་ས་ཡ་༤.༣ སྦེ་ སྤྲོད་ཡོདཔ་ཨིན་རུང་ ཁག་འབགཔ་དེ་གིས་ ལཱ་ཐེབས་ལེ་ཤ་འབད་དགོཔ་བྱུང་ཡི་ཟེར་ དངུལ་ཀྲམ་ས་ཡ་༦ ལྷགཔ་ཅིག་ ཐོབ་བརྗོད་བཀོད་མི་དེ་ ལོག་གཞུང་གི་ རྩིས་ཁྲ་ནང་ བཙུགས་དགོཔ་སྦེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ སྤྱི་ཟླ་དང་པའི་ཚེས་༦ ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་བསྐྱལ་མི་ ཞིབ་དཔྱད་སྙན་ཞུའི་ནང་  གསལ་བཀོད་འབད་ནུག།
དེ་མ་ཚད་ ཡུ་དབང་ཕྱུག་བཟོ་སྐྲུན་ལས་སྡེའི་ ཁག་འབག་གི་ ཆོག་ཐམ་དེ་ཡང་ སྤྱི་ཟླ་དང་པའི་ཚེས་༢༦ ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ གནས་སྐབས་ཅིག་ ལག་ལེན་འཐབ་མ་ཆོགཔ་སྦེ་ བཀག་ཆ་འབད་དེ་ བཞག་ཡོདཔ་ཨིན་པས།
ད་རུང་ གཡུ་ཟླ་རི་སློབ་གྲྭ་ཆུང་བའི་ དབུ་འཛིན་གྱི་ སྡོད་ཁྱིམ་རྐྱབ་མིའི་ནང་ཡང་ ཚེ་རིང་ནོར་བུ་ལུ་ ནང་གསུག་སྤྲོད་ལེན་དང་ ཚུལ་མིན་ལག་ལེན་ལུ་ ཆ་རོགས་དང་ མཉམ་འབྲེལ་འབད་བའི་ ཉེས་འཛུགས་འབད་ཡོདཔ་ད་ ལོ་རྒྱུས་དང་འཁྲིལཝ་ད་ ཁག་འབགཔ་གིས་ རྒྱུ་ཆས་ཚུ་ མཁོ་སྒྲུབ་འབད་བའི་ རྩིས་བཱིལ་རྫུས་མ་ཚུ་ ཚེ་རིང་ནོར་བུ་གིས་ བདེན་དཔྱད་འབད་དེ་ སྔོན་བྱིན་གྱི་དོན་ལུ་ གནང་བ་གྲུབ་ཡོདཔ་མ་ཚད་ ལཱ་འབད་འབདཝ་མེད་པའི་ རྩིས་བཱིལ་ཚུ་ཡང་ ངོས་ལེན་འབད་ཡོདཔ་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ཚེ་རིང་ནོར་བུ་དེ་ ད་ལྟོ་ ཁོ་རའི་ལཱ་གཡོག་ནང་ལས་ དགོངས་ཕོག་བཏོན་ཡི་ཟེར་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment