གཟིགས་གནང་མི་ལུ་བཀའ་དྲིན་ཆེ།
༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་
ཡོངས་འབྲེལ་འཆར་སྒོ་འདི་ནང་
གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།
We update at the earliest possible for you!རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།
རུ་པི་དང་འབྲེལ་བའི་དཀའ་ངལ་ཚུ་ བསལ་ཐབས་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་ནི།
༉ སྤྱི་ཟླ་༤ པའི་ཚེས་༡༦ ལུ་ བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་གིས་ བསམ་གྲུབ་ལྗོངས་མཁར་གྱི་ ཚོང་པ་དང་ ཞི་གཡོགཔ་ཚུ་དང་གཅིག་ཁར་ ཞལ་འཛོམས་འཚོགས་པའི་སྐབས་ བློན་པོ་གིས་ གཞུང་ལུ་ རྒྱ་གར་གྱི་ཏི་རུ་ རུ་པི་ཡོད་བཞིན་དུ་ མི་སེར་ཚུ་ལུ་ མ་བྱིན་པར་བཞག་སྟེ་ དཀའ་ངལ་ཐོན་བཅུགཔ་མེན་ཟེར་ བཤདཔ་ཨིན་པས།
བསམ་གྲུབ་ལྗོངས་མཁར་སྟོད་ལས་ འཐུས་མི་ཨོ་རྒྱན་རྡོ་རྗེ་གིས་ དྲི་བཀོད་འབད་མིའི་ནང་ ད་རེས་ནངས་པ་ ཁྲོམ་སྡེ་ནང་ སྡོད་ཁྱིམ་མ་ལང་པའི་ དཀའ་ངལ་ཡོད་པའི་གུ་ ད་རུང་ རུ་པི་གི་ དཀའ་ངལ་དེ་ ཁ་སྐོང་ཅིག་ཨིན་མས་ཟེར་ཨིནམ་ད་ དེ་མ་ཚད་ གཞུང་གིས་ ཁྲོམ་ལ་ལུ་ སྡེ་རིམ་ཀ་པའི་ནང་ དབྱེ་བ་ཕྱེ་བའི་བསྒང་ལས་ དངུལ་ཁང་ཚུ་གིས་ སྐྱིན་འགྲུལ་བྱིན་ནི་དེ་ བཀག་ཆ་འབད་ཡི་ཟེར་ཞུ་ཡི།
དེའི་ལན་ལུ་ བློན་པོ་གིས་ དོགས་སེལ་གསུངས་མིའི་ནང་ གཞུང་གིས་ ཁྱིམ་རྐྱབ་ནི་གི་ སྐྱིན་འགྲུལ་དེ་ ད་ལྟོ་ བར་སྐབས་ཅིག་གི་དོན་ལུ་ བཀག་ཆ་འབད་བཞག་བཞགཔ་མ་གཏོགས་ རྩ་བརྟན་ལས་ར་ བཀག་ཆ་འབདཝ་མེན་ཟེར་ཨིན་པས།
བཟོ་གྲྭ་ཁང་གི་ ཇོ་བདག་ཀུན་བཟང་གིས་ སླབ་དོ་བཟུམ་འབད་བ་ཅིན་ བཟོ་གྲྭ་ནང་ལས་ཐོན་མིའི་ཅ་ཆས་ཚུ་ རྒྱ་གར་རྒྱལ་ཁབ་ནང་ ཕྱིར་བཙོང་འཐབ་པའི་སྐབས་ རུ་པི་ས་ཡ་༠.༨ དགོཔ་ངེས་བདེན་ཡོད་རུང་ དེ་ཚུ་ བསམ་གྲུབ་ལྗོངས་མཁར་གྱི་ དངུལ་ཁང་ནང་ལས་ བྱིན་མི་བཏུབ་པས་ཟེར་ཨིན་པས།
ཅ་ཆས་ཕྱིར་བཙོང་འཐབ་པའི་སྐབས་ སྣུམ་འཁོར་ཊཱག་བཏང་མི་ དེད་གཡོགཔ་ཚུ་ འགྲོ་འགྲུལ་འབདཝ་ད་ ལམ་བདའ་སྟེ་བཟའ་ནི་དང་ འཐུང་ནི་ དེ་ལས་ ཞག་སྡོད་ནིའི་དོན་ལུ་ རུ་པི་དགོཔ་མ་ཚད་ སྣུམ་འཁོར་ནང་ མར་ཁུ་བླུགས་ནིའི་དོན་ལུ་ཡང་ རུ་པི་དགོ་པས་ཟེར་ཨིན་པས།
བསྟན་རྒྱས་བློན་པོ་གིས་ གནད་དོན་དེ་གི་ཐོག་ལུ་ དངུལ་ཁང་དང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གཅིག་ཁར་ གྲོས་བསྟུན་འབད་ཞིནམ་ལས་ དཀའ་ངལ་བསལ་ཐབས་འབད་ནི་ཟེར་ བཤདཔ་ཨིན་པས།
ཞལ་འཛོམས་ནང་ གནད་དོན་གལ་ཅན་གཅིག་ ཚོང་སྡེ་ཚུ་གིས་ རྒྱ་གར་གྱི་ ལས་བྱེདཔ་ཚུ་ བཞག་མ་ཆོགཔ་སྦེ་ བཀག་དམ་འབད་དེ་ ཁོང་གི་ཚབ་ལུ་ འབྲུག་པའི་ན་གཞོན་ཚུ་ ལཱ་གཡོག་ནང་ བཙུག་དགོཔ་སྦེ་ཨིན་པས།
གནད་དོན་ཚུ་ཡང་ ཚོང་འབྲེལ་སྡེ་ཚན་གྱིས་ རྒྱ་གར་གྱི་ལས་བྱེདཔ་ཚུ་ལུ་ ས་མཚམས་ཁྲོམ་སྡེ་ཚུ་ནང་ ཆོག་ཐམ་སྤྲོད་ནི་དེ་བཀག་དམ་འབདཝ་ལས་བརྟེན་ཨིནམ་ལས་ སྡེ་ཚན་གྱིས་ ལཱ་གཡོག་ལས་ཁུངས་ལུ་ འབྲུག་པའི་ལས་མི་ཚུ་ ལེན་ནིའི་ཞུ་བ་ འབད་ནི་ཨིན་ཟེར་ཨིན་པས།
བསམ་གྲུབ་ལྗོངས་མཁར་གྱི་ ཚོང་པ་ཅིག་གིས་ སླབ་མིའི་ནང་ རྒྱ་གར་གྱི་ ལས་བྱེདཔ་བཞག་མ་ཆོག་མི་ལུ་བརྟེན་ ཁོ་གིས་ ཟླཝ་༦ གི་ ཧེ་མ་ལས་ འབྲུག་པའི་ལས་མི་༦ གི་དོན་ལུ་ ཐོ་བཀོད་འབད་ཡོད་རུང་ ད་ལྟོའི་བར་ན་ཡང་ ཐོབ་མ་ཚུགས་ཟེར་ཨིནམ་ད་ ཁོང་ལུ་ དངུལ་ཕོག་དངུལ་ཀྲམ་༦,༠༠༠ བྱིན་ནི་སྦེ་ གྲ་སྒྲིག་ཡོད་ཟེར་ཨིན་པས།
བློན་པོ་གིས་ བཤད་མིའི་ནང་ འབྲུག་མི་ཚུ་ལུ་ གཞུང་གི་ཁ་ཐུག་ལས་ འོང་འབབ་བཟོ་ནིའི་ གོ་སྐབས་སྤྲོད་དེ་འབད་རུང་ གོ་སྐབས་མི་ལེན་པས་ཟེར་ཨིན་པས།
དཔེ་འབད་བ་ཅིན་ གཞུང་གིས་ མི་སེར་ཚུ་ ཚོང་ལཱ་འབད་ནིའི་དོན་ལུ་ ཆོག་ཐམ་བྱིན་དོ་ཡོདཔ་ཨིན་རུང་ འབྲུག་མི་ཚུ་གིས་ དེ་ཚུ་ རང་གིས་ལག་ལེན་མ་འཐབ་པར་ ལོག་སྤྱོད་ཐོག་ རྒྱ་གར་གྱི་ ཚོང་པ་ཚུ་ལུ་ ཆོག་ཐམ་གླ་ཁར་བཏངམ་མས་ཟེར་ཨིན་པས།
དེ་བཟུམ་མའི་ ལག་ལེན་འཐབ་མི་དེ་ ས་མཚམས་ཁྲོམ་སྡེ་ནང་ དར་ཁྱབ་སྦོམ་སྦེ་ར་ སོང་སྟེ་འདུག་ཟེར་ བཤདཔ་ཨིན་པའི་གནས་ཚུལ།
Subscribe to:
Post Comments (Atom)
No comments:
Post a Comment