ཡེ་ཤེས་སྒྲོལ་མ།
ལྷག་པ་ སྤྱི་ཟླ་༤ ཚེས་༡༠། ༉ རྒྱལ་ཁབ་ནང་འཁོད་ཀྱི་ དངུལ་ཁང་གཞན་ཚུ་བཟུམ་སྦེ་ བསམ་གྲུབ་ལྗོངས་མཁར་གྱི་ དངུལ་ཁང་ཚུ་གིས་ཡང་ རྒྱ་གར་གྱི་ཏི་རུ་ རུ་པི་བྱིན་ནི་ མཚམས་འཇོག་འབད་མི་ལུ་བརྟེན་ ལས་མགྲོན་པ་ཚུ་གིས་ བི་ཟ་ཌེ་བིཊ་ཀཱཌ་དང་ སྔོན་སྤྲོད་ཤོག་བྱང་ཚུ་ བཟོ་ནིའི་དོན་ལུ་ ད་རེས་ནངས་པ་ ཞུ་ཡིག་བཙུགས་མི་ཚུ་ ག་ཐོབ་རྐྱབ་སྟེ་ ཐོན་དོ་ཡོདཔ་ཨིན་པས།
ཟླཝ་༡ གི་ཧེ་མར་ རྒྱལ་ཁབ་ནང་ རུ་པི་གི་ དཀའ་ངལ་བྱུངམ་ལས་འགོ་བཙུགས་ཏེ་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ བསམ་གྲུབ་ལྗོངས་མཁར་གྱི་ དངུལ་ཁང་ཚུ་གིས་ བི་ཟ་ཌེ་བིཊ་ཀཱཌ་དང་ སྔོན་སྤྲོད་ཤོག་བྱང་༢༥༠ ལྷགཔ་ཅིག་ བཟོ་བྱིན་ཡོདཔ་ད་ དེ་ནང་ལས་ ཞུ་ཡིག་བཙུགས་མི་༡༠ རྐྱངམ་གཅིག་ འབྲུག་མི་ཚུ་ཨིན་པས།
ད་ཚུན་ འབྲུག་རྒྱལ་ཡོངས་དངུལ་ཁང་ནང་ སྔོན་སྤྲོད་ཤོག་བྱང་གི་ ཞུ་ཡིག་བཙུགས་མི་༤༠ ཐོན་མི་ལས་༢༠ ལུ་ ཤོག་བྱང་བཀྲམ་སྤེལ་འབད་ཡོདཔ་ད་ དེ་བཟུམ་སྦེ་ འབྲུག་གི་དངུལ་ཁང་གིས་ བི་ཟ་ཌེ་བིཊ་ཀཱཌ་གི་ ཞུ་ཡིག་༤༠༠ ལྷོད་མི་ལས་༢༠༠ བཀྲམ་སྤེལ་འབད་ཡོདཔ་ཨིན་པས།
འབྲུག་གི་དངུལ་ཁང་གིས་བྱིན་མི་ ཌེ་བིཊ་ཀཱཌ་དེ་ རྒྱ་གར་དང་ ནེ་པཱལ་རྒྱལ་ཁབ་ཀྱི་ དངུལ་བཏོན་འཕྲུལ་ཆས་ཨེ་ཊི་ཨེམ་ཚུ་ནང་ ལག་ལེན་འཐབ་བཏུབ་ནི་དེ་གིས་ རྒྱ་གར་གྱི་ ས་གནས་ཚུ་ནང་ ག་ཏེ་འབད་རུང་ རུ་པི་བཏོན་ནི་ལུ་ དཀའ་ངལ་མེདཔ་ཨིན་པས།
བསམ་གྲུབ་ལྗོངས་མཁར་གྱི་ འབྲུག་གི་དངུལ་ཁང་ནང་ ཉིནམ་༢ ཀྱི་ཧེ་མ་ལས་ ཌེ་བིཊ་ཀཱཌ་ཚུ་ རྫོགས་སོཔ་ལས་ མཚམས་འཇོག་འབད་ཡོདཔ་ཨིན་རུང་ ཞུ་ཡིག་བཙུགས་མི་ཚུ་ ད་ལྟོའི་བར་ན་ཡང་ ཆད་ནི་མིན་འདུག་ཟེར་ དངུལ་ཁང་གི་ འགོ་དཔོན་ཅིག་གིས་ བཤདཔ་ཨིན་པས།
འབྲུག་གི་དངུལ་ཁང་གི་ འཛིན་སྐྱོང་འགོ་དཔོན་ འཇིགས་མེད་དབང་མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ག་དེམ་ཅིག་འབད་ ཌེ་བིཊ་ཀཱཌ་ཡོད་པ་ཅིན་ གང་མང་བཀྲམ་སྤེལ་འབད་འབདཝ་འོང་ཟེར་ཨིན་པས།
ལས་མགྲོན་པ་ཚུ་ལུ་ ཌེ་བིཊ་ཀཱཌ་ བཀྲམ་སྤེལ་འབད་མི་ལུ་བརྟེན་ དངུལ་ཁང་གི་ ལཱ་གི་ཐད་ཁར་ ཧེ་མ་དང་ཕྱདཔ་ད་ དུམ་གྲ་ཅིག་ འཇམ་སུ་སོང་ཡོདཔ་མ་ཚད་ རུ་པི་དགོ་མི་ཚུ་ཡང་ སྟབས་བདེ་ཏོག་ཏོ་ འགྱོ་ནི་མས་ཟེར་ འཇིགས་མེད་ཀྱིས་ བཤདཔ་ཨིན་པས།
མོ་གིས་འབད་བ་ཅིན་ ད་རུང་ ཌེ་བིཊ་ཀཱཌ་༥༠༠ དེ་ཅིག་ ཁ་སྐོང་དགོཔ་སྦེ་ ཞུ་ཡིག་བཙུགས་ཡོདཔ་ཨིན་རུང་ ད་ལྟོ་ མ་ལྷོད་ཟེར་ འབྲུག་གི་དངུལ་ཁང་གི་ འཛིན་སྐྱོང་ལས་རོགསཔ་གིས་ སླབ་ཡོདཔ་ད་ ཨིན་རུང་ འཕྲལ་མགྱོགས་ར་ ལྷོད་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
བསམ་གྲུབ་ལྗོངས་མཁར་གྱི་ འབྲུག་རྒྱལ་ཡོངས་དངུལ་ཁང་ནང་ རུ་པི་ས་ཡ་༡ གསོག་འཇོག་འབད་ཡོདཔ་ཨིན་རུང་ ད་ལྟོ་ གནས་སྐབས་ཅིག་ རུ་པི་བྱིན་ནི་ལས་ བཀག་ཆ་འབད་ཡོདཔ་ཨིན་པས།
འབྲུག་གི་དངུལ་ཁང་གིས་འབད་བ་ཅིན་ ཚོང་མགྲོན་པ་ཚུ་གི་དོན་ལུ་ གལ་སྲིད་ རུ་པི་དགོཔ་གལ་ཆེཝ་ཐོན་པ་ཅིན་ བལྟ་ཞིནམ་ལས་ བྱིན་ནི་ཡོད་ཟེར་ཨིན་པས།
འབྲུག་རྒྱལ་ཡོངས་དངུལ་ཁང་གི་ འཛིན་སྐྱོང་འགོ་དཔོན་ བསོད་ནམས་བཟང་མོ་གིས་ བཤད་མི་དང་འཁྲིལཝ་ད་ རྒྱ་གར་གྱི་ མི་ཚུ་གིས་ རུ་པི་དགོ་པའི་སྐོར་ལས་ དུས་རྒྱུན་དུ་ སླབ་དོ་ཡོདཔ་ཨིན་རུང་ ད་ལྟོ་ཚུན་ ངོས་ལེན་མ་འབད་ཟེར་ཨིན་པས།
ཨིན་རུང་ རུ་པི་དགོ་མི་ཚུ་གིས་ ཁྲལ་དང་ཅ་དམ་གྱི་ ཡིག་ཆ་ཚུ་བཏོན་པ་ཅིན་ ཌཕ་བཟོ་བྱིན་དོ་ཟེར་ སླབ་ཨིན་པའི་གནས་ཚུལ།
No comments:
Post a Comment