ཡང་བ་རི་གཡུས་ཚན་ནང་ འགྱོ་ནིའི་དོན་ལུ་ ངང་ལམ་དྲུང་ཁག་ལས་ སྣུམ་འཁོར་ལམ་མེད་ནི་དེ་གིས་ ཉིནམ་༢ ཀྱི་རིང་ རྐང་ཐང་འགྱོ་དགོཔ་ད་ གློག་མེའི་མཐུན་རྐྱེན་ཡང་མེད་པའི་ཁར་ གཞལམ་སྒང་དང་ བསམ་གྲུབ་ལྗོངས་མཁར་ པདྨ་དགའ་ཚལ་དེ་ལས་མོང་སྒར་རྫོང་ཁག་༤ གི་སྦུག་ལུ་ ཡོད་པའི་མཐའ་ཟུར་གྱི་ གཡུས་ཚན་ཅིག་ཨིན་པས།
གཡུས་སྒོ་དེ་ནང་ ཁྱིམ་གུང་༩ ཡོད་མི་ཚུ་གི་ བྱ་༣༠ དང་༤༠ དེ་ཅིག་ ཤི་ཡོདཔ་ད་ བྱ་ཤི་ནི་དེ་ ཉིནམ་དག་པ་ཅིག་གི་ཧེ་མ་ལས་ར་ འགོ་བཙུགས་ཡོད་རུང་ སྒོ་ནོར་ལས་ཁུངས་ལུ་ སྤྱི་ཟླ་༣ པའི་ཚེས་༢༧ ལུ་རྐྱངམ་གཅིག་ སྙན་ཞུ་འབད་ཡོདཔ་ཨིན་པས།
སྒོ་ནོར་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ བསྟན་འཛིན་དོན་གྲུབ་ཀྱིས་ སླབ་མིའི་ནང་ བྱ་ག་ར་ སྟབས་གཅིག་ཁར་མེན་པར་ རེ་གཉིས་སྦེ་ ཤི་ནུག་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ བྱ་ཚུ་ལུ་ ཤི་རྐྱེན་བྱུང་མི་དེ་ བྱ་ནད་ལུ་བརྟེན་ ཨིན་ན་མེན་ནའི་སྐོར་ལས་ བརྟག་དཔྱད་སྙན་ཞུ་ ཐོབ་ཞིནམ་ལས་རྐྱངམ་གཅིག་ ཤེས་ཚུགས་ཟེར་ཨིནམ་ད་ སྙན་ཞུ་དེ་ འཕྲལ་ར་ཐོབ་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
ད་ལྟོ་ གཡུས་ཚན་ནང་ བྱ་ནད་མ་ཐོབ་པའི་ བྱམོ་༢༦༠ དེ་ཅིག་ ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ བྱ་དེ་ཚུ་ ཤི་བའི་སྐབས་ རྟགས་མཚན་ཚུ་ བྱ་ནད་ཐོབ་མི་དང་ ཅོག་འཐདཔ་སྦེ་ བཏོན་ནུག་ཟེར་ཨིནམ་ད་ ཡང་བ་རི་ལུ་ བྱ་གསོ་སྐྱོང་ཁང་བཙུགས་མི་ མེདཔ་ཨིན་རུང་ ཁྱིམ་རེ་གིས་ བྱ་དག་པ་རེ་ གསོ་སྐྱོང་འཐབ་དོ་ཡོདཔ་ཨིན་པས།
དེ་དང་འབྲེལ་ བཀྲིས་སྒང་བཀང་ལུང་ལུ་ཡོད་པའི་ ལུང་ཕྱོགས་སྒོ་ནོར་གོང་འཕེལ་ལྟེ་བ་དང་ མོང་སྒར་རྫོང་ཁག་གི་ སྒོ་ནོར་འགོ་དཔོན་ཚུ་གིས་ ས་གནས་ཚུ་ནང་ གོ་བ་བརྡ་སྤྲོད་ཀྱི་ ལས་རིམ་ཚུ་ འགོ་འདྲེན་འཐབ་དོ་ཡོདཔ་མ་ཚད་ བྱ་ནད་ཀྱི་ ཞིབ་དཔྱད་ཚུ་ཡང་ འབད་དོ་ཡོདཔ་ཨིན་པའི་གནས་ཚུལ།
ཚེ་རིང་རྣམ་རྒྱལ།
No comments:
Post a Comment