གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དཔལ་འབྱོར་གོང་འཕེལ་གྱི་དོན་ལུ་ མཚོན་དཔེ་གསརཔ།

བློན་ཆེན་ འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ 
གསལ་བཤད་གནང་པའི་བསྒང་།
(cursty: Europa news wire)
རིག་འཛིན་དབང་ཕྱུག།
མིག་དམར་ སྤྱི་ཟླ་༤ ཚེས་༩། ༉ བདུག་ཕྲག་ཧེ་མའི་ནང་ ནིའུ་ཡོག་ལུ་ འཛམ་གླིང་སྤྱི་ཚོགས་ཡིག་ཚང་གཙོ་ཁང་ནང་ དཔལ་འབྱོར་གོང་འཕེལ་གྱི་དོན་ལུ་ མཚོན་དཔེ་གསརཔ་ཅིག་གི་ ངེས་ཚིག་གསལ་རིལ་རི་སྦེ་སྟོན་ནིའི་ དགའ་སྐྱིད་དང་ ཕན་བདེའི་སྐོར་ལས་ ཆེ་མཐོའི་གནས་རིམ་གྱི་ ཞལ་འཛོམས་ཅིག་ འབྲུག་གཞུང་གི་ འགོ་འདྲེན་ཐོག་ལུ་ འཚོགས་མི་དེ་གིས་ འཛམ་གླིང་མི་སྡེའི་དོན་ལས་ ཡུན་བརྟན་དང་ ཡོངས་ཚང་ དེ་ལས་ དཔལ་འབྱོར་གོང་འཕེལ་འདྲ་མཉམ་གྱི་ ཐབས་ལམ་སྦོམ་ཅིག་ བཏོན་ཚུགས་ཡོདཔ་ཨིན་པས།

དེ་ཡང་ སྤྱི་ཟླ་༤ པའི་ཚེས་༢ ལུ་ སྲིད་དོན་པ་དང་ གཞུང་གི་དབུ་ཁྲིད་ དགེ་བཤེས་ དཔལ་འབྱོར་མཁས་མཆོག་ མཚན་ཉིད་དང་ ཚན་རིག་མཁས་མཆོག་ བརྡ་བརྒྱུདཔ་ མི་སྡེ་ལས་ཚོགས་ འཛམ་གླི་སྤྱི་ཚོགས་ཀྱི་ འགོ་དཔོན་དང་ འཛམ་གླིང་གི་ ཆོས་སྡེ་ཡོངས་གྲགས་ཅན་གྱི་ དབུ་ཁྲིད་ཚུ་བརྩིས་ཏེ་ མི་གྲངས་༧༠༠ དེ་ཅིག་གིས་ བཅའ་མར་གཏོགས་མི་ ཞལ་འཛོམས་ནང་ འབྲུག་གི་བློན་ཆེན་ འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ དཔལ་འབྱོར་གྱི་ ཐབས་ལམ་གསརཔ་ཚུ་ རྒྱ་བསྐྱེད་འབད་ནིའི་དོན་ལུ་ མཁས་མཆོག་ལྷན་ཚོགས་ཅིག་གི་ ཞལ་འཛོོམས་ཅིག་ འཚོག་དགོ་པའི་ གྲོས་འཆར་བཀོད་ཡོདཔ་ད་ བློན་ཆེན་མཆོག་གིས་ ཞལ་འཛོམས་ཀྱི་ སྙན་ཞུ་དེ་ སྤྱི་ཟླ་༦ པའི་ནང་ བཱ་ར་ཛིལ་རྒྱལ་ཁབ་ནང་ འགོ་འདྲེན་འཐབ་ནི་ཨིན་མི་ རིའོ་+༢༠ འཛམ་གླིང་སྤྱི་ཚོགས་ཀྱི་ ཡུན་བརྟན་གོང་འཕེལ་ལྷན་ཚོགས་ནང་ གསལ་བཤད་ཕུལ་ནི་ཨིན་པས།
ཆེ་མཐོའི་གནས་རིམ་གྱི་ཤུལ་ལས་ སྤྱི་ཟླ་༤ པའི་ཚེས་༣ དང་༤ ལུ་ བཅའ་མར་གཏོགས་མི་༢༠༠ དེ་ཅིག་གིས་ ཞལ་འཛོམས་ཀྱི་ དམིགས་དོན་ཚུ་ ཁ་གསལ་སྦེ་ གསལ་བཀོད་འབད་དེ་ འཛམ་གླིང་སྤྱི་ཚོགས་ཀྱི་ འཐུས་མི་རྒྱལ་ཁབ་ཆ་མཉམ་ལུ་ བགོ་བཀྲམ་འབད་ནིའི་དོན་ལས་ ཡོངས་ཁྱབ་དྲུང་ཆེན་ལུ་ སྙན་ཞུ་ཅིག་ཕུལ་ནི་ དགའ་སྐྱིད་དང་ ཕན་བདེའི་གཞི་རྩ་ལུ་གཞི་བཞག་སྟེ་ རྒྱལ་ཁབ་སོ་སོའི་ སྲིད་བྱུས་ཚུ་ནང་ དང་ལེན་འབད་ནི་གི་ གྲོས་འདེབས་གསལ་བཀོད་འབད་མི་ཚུ་ འཛམ་གླིང་ནང་འཁོད་ཀྱི་ གཞུང་གི་དབུ་ཁྲིད་ཡོངས་ལུ་ བགོ་བཀྲམ་འབད་ནི་ དེ་ལས་ སང་ཕོད་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་ཚོགས་འདུའི་ནང་ ཕུལ་ནིའི་དོན་ལུ་ གོང་འཕེལ་གྱི་ མཚོན་དཔེ་གསརཔ་ཅིག་ ཟིན་འགོད་འབད་ནི་དང་ འཛམ་གླིང་ནང་འཁོད་ལུ་ དགའ་སྐྱིད་དང་ ཕན་བདེའི་གོ་བརྡ་ཡར་འཕེལ་གཏང་ནི་དང་ དཔལ་འབྱོར་གྱི་ མཚོན་དཔེ་གསརཔ་ ཡར་དྲག་གཏང་ནི་གི་ རྒྱལ་སྤྱིའི་བརྩོན་ཤུགས་དང་ བརྡ་དོན་བརྒྱུད་འབྲེལ་གྱི་ ཐབས་བྱུས་ཚུ་ བརྩམ་ཐབས་ལུ་ ཉིང་གྲངས་༢ ཀྱི་རིང་ གྲོས་བསྡུར་ཞིབ་པར་འབད་ཡོདཔ་ཨིན་པས།
འགོ་བཙུགས་ཀྱི་དོན་ལུ་ ཐབས་ལམ་ལེགས་ཤོམ་ཅིག་ བཏོན་ཚུགས་ཡོད་རུང་ མཐའན་མཇུག་ལུ་ དེ་ཚུ་ མཐར་འཁྱོལ་ཚུགསཔ་བཟོ་ནིའི་དོན་ལས་ ང་བཅས་ཀྱིས་ འབད་རྩོལ་བསྐྱེད་དགོ་ཟེར་  ཉིན་གྲངས་༣ གྱི་རིང་ གྲོས་བསྡུར་གནང་མི་ མཇུག་བསྡུཝ་ད་ བློན་ཆེན་འཇིགས་མེད་འཕྲིན་ལས་མཆོག་གིས་ གསུངས་པའི་ཁར་ སྤྱི་ལོ་༢༠༡༥ ལས་ འཛམ་གླིང་རྒྱལ་སྤྱི་གིས་ འགྲོ་བ་མིའི་ཕན་བདེ་དང་ དགའ་སྐྱིད་ངོ་མ་གོང་འཕེལ་གཏང་ནི་དང་ འཛམ་གླིང་འདི་ནང་ འགྲོ་བ་མི་དང་མཉམ་གནས་པའི་ སྐྱེ་ལྡན་རིགས་སྣ་ཆ་མཉམ་ར་ དུས་རྣམ་པ་ཀུན་ཏུ་ གནས་ཐབས་ངེས་བརྟན་བཟོ་ནི་གི་ ཁས་ལེན་ཡོད་པའི་ དཔལ་འབྱོར་གྱི་ མཚོན་དཔེ་ཡུན་བརྟན་ཅིག་ དང་ལེན་གནང་འོང་མནོ་བའི་ རེ་བ་ཡོད་ཟེར་གསུངས་ནུག།
འབྲུག་གི་གོང་འཕེལ་གྱི་ལྟ་བ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ཐབས་བྱུས་ལུ་ སེམས་ཤུགས་བསྐྱེད་བཅུག་མི་ལུ་བརྟེན་ སྤྱི་ཟླ་༤ པའི་ཚེས་༢ ལུ་འཚོགས་མི་ ཞལ་འཛོམས་དེ་ སྤྱི་ལོ་༢༠༡༡ ལུ་ འཛམ་གླིང་སྤྱི་ཚོགས་ཀྱིས་ འཐུས་མི་རྒྱལ་ཁབ་ཚུ་ལུ་ རང་སོའི་མི་མང་གི་ གོང་འཕེལ་སྲིད་བྱུས་ཚུ་ནང་ དགའ་སྐྱིད་དང་ ཕན་བདེ་ལུ་བརྩོན་པའི་ ཐབས་ལམ་གལ་གནད་ཅན་ཅིག་སྦེ་ དང་ལེན་འབད་དགོ་པའི་ ཞུ་བསྐུལ་གྱི་ གྲོས་ཆོད་བཏོན་མི་དང་འཁྲིལ་ཨིནམ་ད་ གྲོས་ཆོད་དེ་ འཐུས་མི་རྒྱལ་ཁབ་༦༨ ཀྱིས་ རྒྱབ་སྐྱོར་འབད་དེ་ འཛམ་གླིང་སྤྱི་ཚོགས་ཀྱི་ འཐུས་མི་རྒྱལ་ཁབ་ཆ་མཉམ་གྱིས་ རྒྱབ་སྣོན་ཆ་འཇོག་འབད་ཡོདཔ་ཨིན་པས།
རྒྱལ་ཡོངས་སྤྱི་བསྡོམས་ཐོན་སྐྱེད་དེ་ དཔལ་འབྱོར་མཁས་མཆོག་དང་ སྲིད་དོན་པ་ཚུ་གིས་ གོང་འཕེལ་གྱི་དོན་ལུ་ འཇལ་ཚད་སྦེ་ ལག་ལེན་འཐབ་སྟེ་ ཡུན་རིང་སོང་ཡོད་རུང་ མི་སྡེ་དང་ མཐའ་འཁོར་གནས་སྟངས་དང་འབྲེལ་བའི་ གོང་འཕེལ་གྲུབ་འབྲས་ཚུ་གི་ ཚད་གཞི་བཏོན་མ་ཚུགས་པས་ཟེར་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་ བཱན་ཀི་མཱུན་གྱིས་ ཞལ་འཛོམས་འགོ་འབྱེད་ནང་ གསལ་བཤད་འབད་བའི་ཁར་ འབྲུག་གིས་ སྤྱི་ལོ་༡༩༧༠ དོན་གྲངས་ལུ་ རྒྱལ་ཡོངས་འོང་འབབ་ལས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་དེ་ ཐབས་བྱུས་དྲག་ཤོས་ཅིག་ཨིནམ་སྦེ་ ངོས་འཛིན་འབད་ནུག་ཟེར་ བཤད་ཡོདཔ་ཨིན་པས།

འབྲུག་གི་བློན་ཆེན་དང་འཐུས་མི་ཚུ་ ནིའུ་ཡོག་ལུ་ འཛམ་གླིང་སྤྱི་ཚོགས་ཡིག་ཚང་གཙོ་ཁང་གི་
ཕྱི་ཁ་ལས་ ནང་ན་བྱོན་པའི་བསྒང་།(cursty: Europa news wire)

ཞལ་འཛོམས་ནང་ འཛམ་གླིང་རྒྱལ་ཁབ་ཚུ་ལས་ ཆེ་མཐོའི་གནས་རིམ་གྱི་ དབུ་ཁྲིད་ཚུ་གི་གྲས་ལས་ རྒྱལ་སྤྱི་གིས་ མཐའ་འཁོར་གནས་སྟངས་ཉམས་སྲུང་ནང་ ཁྱད་འཕགས་ཅན་གྱི་ གྲུབ་འབྲས་དང་ ཡུན་བརྟན་གོང་འཕེལ་གྱི་ གནས་ཐོ་ནང་ མིག་དཔེ་སྟོན་མི་ རྒྱལ་ཁབ་ཅིག་སྦེ་ ངོས་འཛིན་འབད་ཡོད་མི་ ཀོསི་ཊ་རི་ཀ་ མི་སེར་རྒྱལ་ཁབ་ཀྱི་སྲིད་འཛིན་ ཨམ་ལའུ་ར་ ཅིན་ཅི་ལ་གིས་ གསུང་བཤད་གནང་ཡོདཔ་ད་ མོ་གིས་འབད་བ་ཅིན་ དགའ་སྐྱིད་བྱུང་ཐབས་ལུ་ བརྩོན་ཤུགས་བསྐྱེད་ནི་གི་ ཐབས་ལམ་ལེ་ཤ་ཡོདཔ་ཨིན་རུང་ འཛམ་གླིང་སྤྱི་ཚོགས་ཀྱིས་ མགྲིན་དབྱངས་གཅིག་འགྱུར་ཐོག་ལས་ དང་ལེན་འབད་མི་ འཛམ་གླིང་གི་ ཐབས་ལམ་འོས་ལྡན་དེ་ འབྲུག་གིས་འགོ་བཙུགས་མི་ མཚོན་དཔེ་འདི་ཨིན་ཟེར་ཨིན་པས།
རྒྱ་གར་གྱི་ སྲིད་བློན་མཆོག་གི་ སྐུ་ཚབ་སྦེ་ བཅའ་མར་གཏོགས་མི་ མཐའ་འཁོར་དང་ ནགས་ཚལ་གྱི་ མངའ་སྡེའི་བློན་པོ་ ཨམ་ཇ་ཡཱན་ཐི་ ན་ཏ་ར་ཇཱན་གྱིས་ འབྲུག་ལུ་ ཡུན་བརྟན་གོང་འཕེལ་གྱི་ གྲོས་བསྡུར་ནང་ དགའ་སྐྱིད་ཀྱི་ གནད་དོན་བཙུགས་མི་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་ བརྗོད་ཡོདཔ་ད་ འགྲོ་བ་མིའི་གོང་འཕེལ་གཏང་ནི་འདི་ འབྲུག་གིས་ ཡིད་ཆེས་བསྐྱེད་དོ་བཟུམ་ རྒྱུ་དངོས་དང་ མི་སྡེ་ ལམ་སྲོལ་ དེ་ལས་ རང་བཞིན་མཐའ་འཁོར་གནས་སྟངས་དང་ མཐུན་ཏོག་ཏོ་སྦེ་ གནས་ནི་གི་ ཐབས་ལམ་ཚུ་ལུ་ གཞི་བཞག་དགོཔ་བཞིན་དུ་ ང་བཅས་རའི་ ཆོས་ཕྱོགས་ཀྱི་ གོམས་གཤིས་དང་ མཚན་ཉིད་རིག་པ་ཚུ་གིས་ སེམས་ལུ་ཞི་བདེ་དང་ དགའ་སྐྱིད་འབྱུང་ནིའི་ མཐར་ཐུག་གི་ དམིགས་དོན་ཅིག་སྦེ་ བལྟ་ཞིབ་འབད་དགོ་པའི་ ལམ་སྟོན་འབད་ཡོད་ཟེར་ མོ་གིས་ གསལ་བཤད་འབད་ཡོདཔ་ཨིན་པས།
འཛམ་གླིང་ནང་འཁོད་ཀྱི་ ཆོས་ལུགས་སོ་སོའི་ དབུ་ཁྲིད་ཚུ་གིས་ཡང་ ཆོས་ཀྱི་ཁ་ཐུག་ལས་ ཕན་བདེ་དང་ དགའ་སྐྱིད་དེ་ གལ་གནད་ཆེ་བའི་སྐོར་ གསལ་བཤད་འབད་ཡོདཔ་ཨིན་པས།
ཞལ་འཛོམས་ནང་ བཅའ་མར་གཏོགས་མི་ འབྲུག་གི་ འཐུས་མི་ཚུ་གིས་ སླབ་མིའི་ནང་ འབྲུག་གིས་ འགོ་འདྲེན་འཐབ་མི་ ཞལ་འཛོམས་དེ་ རྒྱང་མཐོང་དང་ མི་སྡེའི་བརྡ་བརྒྱུད་ཚུ་གི་ཐོག་ལས་ འཛམ་གླིང་གི་ མི་སེར་ས་ཡ་མང་རབས་ཅིག་གིས་ ལྟ་ཡོདཔ་ལས་ འཛམ་གླིང་རྒྱལ་ཡོངས་ལས་ ངོས་ལེན་ཧ་ལས་སི་སི་སྦེ་ བྱུང་ཡི་ཟེར་ཨིན་པས།

ཁ་ཙ་ བློན་ཆེན་འཇིགས་མེད་འཕྲིན་ལས་མཆོག་དང་ ཁོ་གི་འཐུས་མི་སྡེ་ཚན་དེ་ འབྲུག་ལུ་ ལོག་ཕེབས་ཡོད་པའི་གནས་ཚུལ།

No comments:

Post a Comment