![]() |
སྐྱེས་ལོ་༦༧ ལང་མི་ཁང་གཉེརཔ་ པདྨ་རྡོ་རྗེ། |
ཉི་མ་ སྤྱི་ཟླ་༤ ཚེས་༧། ༉ སྤ་རོ་ཚེས་བཅུ་མཇལ་བར་འོང་མི་ སྟོང་ཕྲག་ལས་བཅད་མི་ཚུ་གི་སྦུག་ལུ་ གདོང་གཉེར་མ་གིས་གང་མི་ ཨ་རྒས་ཅིག་གིས་ གཟུགས་ཁར་ རྒཔོ་གི་བཀབ་ནེ་ བཀབ་པའི་ཁར་ དཔའ་རྟགས་བཏགས་ཏེ་ ལག་པར་རྟས་ལྕགས་འབག་ཡོདཔ་མ་ཚད་ རྐང་མར་ཚོགས་ལྷམ་བཙུགས་ཏེ་ མི་འཛོམས་སར་ སྒྲིང་སྒྲིང་འབད་སྡོད་མི་དེ་ ཧ་ལས་པའི་ གཞི་ཅིག་ཨིན་པས།
དེ་ཡང་ སྐྱེས་ལོ་༦༧ ལང་མི་ པདྨ་རྡོ་རྗེ་དེ་ རྒཔོ་ཨིན་པ་ཅིན་ དཔའ་རྟགས་ཀྱི་ ཐོབ་ལམ་མེདཔ་ད་ དཔོན་གཉིས་སྐལ་མའི་ གོ་གནས་འཆང་མི་ཨིན་པ་ཅིན་ རྒཔོ་གི་བཀབ་ནེ་ བཀབ་སྟེ་ཡོདཔ་ལས་ ལྟདམོ་ལྟ་མི་ མང་ཤོས་ར་ ག་ཅི་ཨིན་ན་ཟེར་ དོགས་པ་ཆགས་དོ་ཡོདཔ་ད་ དེ་ཡང་ ཁོ་ར་ སྔོན་མ་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་སྐབས་ལས་ ཁང་གཉེརཔ་ཟེར་བའི་ སྲོལ་བཙུགས་མི་དེ་ ད་ལྟོ་ཡང་ མ་ཉམས་པར་ བདག་འཛིན་འཐབ་སྟེ་ རྒྱུན་སྐྱོང་འབདཝ་ཨིན་པས།
ཧེ་མ་འབད་བ་ཅིན་ ཁང་གཉེརཔ་དེ་ ཉིན་ནུབ་མེད་པར་ རྫོང་བདག་འཛིན་འབད་མི་ཅིག་ཨིན་པའི་ཁར་ ཞབས་དྲུང་གི་སྐུ་མདུན་ལུ་ སྒྲིགས་རྒྱུག་སྡོད་མི་ཅིག་ཨིན་རུང་ ད་རེས་ ཁང་གཉེརཔ་གི་ལཱ་ངོ་མ་དེ་ ལོ་བསྟར་ཚེས་བཅུའི་སྐབས་ལུ་ མི་མང་འཛིན་སྐྱོང་འབད་ནི་དང་ མི་ཚུ་སྒྲིགས་ལུ་གནས་ནི་ དེ་ལས་ ལཱ་ཚུ་འགོ་འདྲེན་འཐབ་སྟེ་ བཀོད་བྱ་བྱིན་ནི་དེ་ཨིན་རུང་ རྒྱལ་ཁབ་ཡར་རྒྱས་འགྱོ་མི་དང་འབྲེལ་ ཁོ་གི་ལཱ་འགན་དེ་ མི་མང་འཛིན་སྐྱོང་འབད་ནི་དེ་ཡང་ ཚུལ་རྩམ་ཅིག་མ་གཏོགས་མེདཔ་ཨིན་པས།
པདྨ་རྡོ་རྗེ་གིས་འབད་བ་ཅིན་ ཁོ་གི་ འགན་ཁུར་ཉུང་མི་དེ་ ཧེ་མ་ ཁང་གཉེརཔ་གིས་འབད་མི་ལཱ་ཚུ་ ད་རེས་ནངས་པ་ ཁྲིམས་སྲུང་འགག་པ་གིས་ འབད་ནི་དེ་གིས་ཨིན་མས་ཟེར་ཨིནམ་ད་ ལོ་དག་པ་ཅིག་གི་ཧེ་མ་འབད་བ་ཅིན་ ཁང་གཉེརཔ་གིས་ ལཱ་ལེ་ཤ་འབད་དགོ་པའི་ཁར་ དབང་ཚད་ཡང་ཡོདཔ་ལས་ ཁོང་ལུ་ མི་ཚུ་གིས་ དྲག་ཤོས་ཁང་གཉེརཔ་ཟེར་ སླབ་ནི་ཡོད་ཟེར་ཨིན་པས།
སྐྱེས་ལོ་༥༣ ལང་མི་ མགོན་པོ་གིས་འབད་རུང་ ཁང་གཉེརཔ་ལུ་ དྲག་ཤོས་ཟེར་ཞུ་བའི་ཁར་ ཁོང་གིས་ སྒྲིགས་ལུ་མ་གནས་མི་ཚུ་ཡང་ དྲང་ནི་ཡོད་ཟེར་ཨིནམ་ད་ ཁོ་ ཆུང་ཀུ་ཅིག་སྦེ་སྡོད་པའི་སྐབས་ ཁང་གཉེརཔ་ཅིག་གིས་ རྟས་ལྕགས་བླུགས་བྱིན་མི་དེ་ ད་ལྟོའི་བར་ན་ཡང་ སེམས་ཁར་དྲནམ་མས་ཟེར་ སླབ་ཨིན་པས།
ཁང་གཉེརཔ་པདྨ་རྡོ་རྗེ་གིས་མི་སྟོང་ཕྲག་ལས་ལྷག་སྟེ་ དྲང་དྲངམ་འོང་ཟེར་ཨིནམ་ད་ དེ་ཡང་ སྒྲིགས་ལུ་མ་གནས་མི་དང་ བྱ་ངན་ཚུ་འབད་མི་ཚུ་ དྲང་ནི་ཡོད་ཟེར་བཤདཔ་མ་ཚད་ ད་རེས་ནངས་པ་ དྲང་ནིའི་དབང་ཚད་མེད་པའི་ཁར་ དྲང་རུང་ ངོ་ལོག་རྐྱབ་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།
ད་རེས་ ཁོ་གིས་ དཔའ་རྟགས་བཏགས་མི་དེ་ ཞབས་དྲུང་གི་སྐབས་ལུ་ ཆོས་སྲིད་གཉིས་ལྡན་གྱི་གཞུང་ གཞི་བཙུགས་འབད་དེ་ དབང་བའི་བརྡ་མཚོན་ལས་ དཔའ་རྟགས་དེ་ སྲིད་གཞུང་ལུ་ ཕྱག་ཞུ་བའི་བརྡ་མཚོན་དང་ རྟས་ཐག་དེ་ ཆོས་ཕྱོགས་ལུ་ ཕྱག་ཞུ་བའི་རྟགས་མཚན་ཨིན་པས།
མ་གཞི་ ཁོ་གི་འགན་ཁུར་དེ་ ཧེ་མ་བཟུམ་སྦེ་མེད་རུང་ ད་རེས་ཡང་ བདག་སྐྱོང་དང་རབ་སྡེ་༢ ཆ་རང་ལུ་ ཕྱག་ཞུ་དོ་ཡོདཔ་ད་ རྫོང་ཁག་བདག་སྐྱོང་ནང་འབད་བ་ཅིན་ མགྲོན་སྐྱོང་འབད་ནི་དང་ བཅའ་སྒྲིག་རྐྱབ་ནིའི་ལཱ་ཚུ་འབདཝ་མ་ཚད་ རབ་སྡེ་ནང་འབད་བ་ཅིན་ དཀོན་གཉེར་ལུ་ ཕྱག་ཞུ་བའི་ཁར་ རབ་སྡེ་དང་བདག་སྐྱོང་གི་བར་ན་ ཁ་འཐེན་སྐྱེལ་མི་ཡང་ཨིན་པས།
སྤ་རོ་ལས་ རྫོང་བདག་བགྲེསཔ་ བླམ་རིག་འཛིན་གྱིས་ སླབ་མིའི་ནང་ དང་ཕུ་ ཁང་གཉེརཔ་གི་འགན་ཁུར་ངོ་མ་ར་ རྫོང་ནང་སྡོད་མི་ཚུ་གི་དོན་ལུ་ ཉིམ་ལའི་རྒྱབ་ལུ་འཛུལཝ་ཅིག་ མེ་གསད་ནིའི་ ཉེན་བརྡ་འབད་དགོ་མི་དེ་ཡང་ མེ་དེ་ རྫོང་གཞིས་ནང་ཉེན་ཁ་ཅན་ཅིག་ འབད་ནི་དེ་གིས་ཨིན་པས།
དེ་ལས་ རྫོང་གི་མ་སྒོ་བསྡམས་ཏེ་ མི་ག་ཡང་ འཛུལ་མ་བཅུག་པའི་ཁར་ ཁང་གཉེརཔ་སྡོད་ས་ཡང་ མ་སྒོའི་རྩ་བར་ཨིན་ཟེར་ཨིན་པས།
རྫོང་ཁག་སྲོལ་འཛིན་འགོ་དཔོན་ ཀརྨ་རྡོ་རྗེ་གིས་འབད་བ་ཅིན་ ཁང་གཉེརཔ་དེ་ རྫོང་གཞིས་མང་ཤོས་ཅིག་ནང་ཡོད་རུང་ སྤ་རོ་བཟུམ་སྦེ་ དཔའ་རྟགས་བཏགས་མི་ མིན་འདུག་ཟེར་ཨིནམ་ད་ ཨིན་རུང་ དཔའ་རྟགས་དེ་ ཚེས་བཅུའི་སྐབས་ལུ་མ་གཏོགས་ ཨ་རྟག་ར་ བཏགས་ནི་མེདཔ་ཨིན་པས།
པདྨ་རྡོ་རྗེ་གིས་ ཁང་གཉེར་གྱི་ འགན་ཁུར་འབག་སྟེ་ དུས་ཅི་འབདཝ་ད་ ལོ་༡༦ ལང་ཡོདཔ་ད་ སྤྱི་ལོ་༡༩༩༦ ལུ་ སྤ་རོ་རྫོང་བདག་བགྲེསཔ་ རྡོ་ཕུག་ཚེ་རིང་གིས་ ཁོ་ལུ་ ཁང་གཉེརཔ་སྦེ་ བསྐོ་བཞག་འབད་ཡོདཔ་ད་ མ་གཞི་ ཁང་གཉེར་གྱི་གོ་གནས་དེ་ རྫོང་ནང་སྒྲིགས་རྒྱུག་སྟེ་ ལོ་ལེ་ཤ་ལང་མི་ཅིག་ དགོ་ནི་ཨིན་རུང་ པདྨ་རྡོ་རྗེ་གིས་ ཁང་གཉེར་གྱི་ གོ་གནས་མ་ཐོབ་པའི་ཧེ་མར་ རྫོང་ནང་མ་སྡོད་པས།
ཨ་ལུ་༥ གི་ཨ་པ་ པདྨ་རྡོ་རྗེ་དེ་ སྤ་རོ་ལྕང་སྣང་ཁ་གཡུས་ཚན་ལས་ཨིནམ་ད་ ད་རེས་ ཁོ་གིས་ ཟླ་རིམ་གྱི་དངུལ་ཕོགས་ དངུལ་ཀྲམ་༨,༤༠༠ རེ་ ཐོབ་དོ་ཡོདཔ་ད་ འགོ་ཐོག་ལཱ་ནང་འཛུལ་བའི་སྐབས་ དངུལ་ཕོགས་༡,༦༠༠ ལས་ འགོ་བཙུགས་ཅི་ཟེར་ སླབ་ཨིན་པའི་གནས་ཚུལ།
No comments:
Post a Comment