གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རུ་པིའི་དཀའ་ངལ་ལུ་བརྟེན་ བཟོ་སྐྲུན་གྱི་ ལཱ་ཚུ་ལུ་བར་ཆད།


བསྟན་འཛིན་རྣམ་རྒྱལ།

ལྷག་པ་ སྤྱི་ཟླ་༤ ཚེས་༡༠། ༉ ད་རེས་ནངས་པ་ རྒྱལ་ཁབ་ནང་ རུ་པི་ལངམ་མེད་པའི་ དཀའ་ངལ་ལུ་བརྟེན་ བཟོ་སྐྲུན་གྱི་ ལཱ་དང་འབྲེལ་བའི་ ཕྱིའི་ལས་མི་ཚུ་གིས་ འབད་དགོ་པའི་ ལས་སྣ་ཚུ་ནང་ ཐོ་ཕོགཔ་ཨིན་པས།
རྒྱལ་ཁབ་ནང་འཁོད་ཀྱི་ ས་གནས་ཁག་ཚུ་ནང་ལས་ཕར་ སྒྲིང་ཁྱིམ་དང་ འཁོར་ལམ་ དེ་ལས་ ཟམ་རྐྱབ་ནིའི་ ལཱ་འབད་དགོ་པའི་རིགས་ཚུ་ རྒྱ་གར་གྱི་ ལས་མི་ཚུ་གིས་འབད་དོ་ཡོདཔ་ལས་ འཕྲལ་ཁམས་ཅིག་ཁར་ གཞུང་གིས་ ཁག་འབགཔ་ཚུ་ལུ་ རུ་པི་ཚད་ཅིག་ལས་བརྒལ་ བྱིན་མ་ཆོགཔ་བཟོ་མི་དེ་གིས་ ལས་མི་མ་ལང་པའི་ དཀའ་ངལ་ཐོན་དོ་ཡོདཔ་ཨིན་པས།


རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ དངུལ་ཁང་ཚུ་ནང་ལས་ རྒྱ་གར་གྱི་ ལས་མི་རེ་ལུ་ ཉིནམ་རེ་ལུ་ རུ་པི་༡༥༠ ལས་བརྒལ་ བྱིན་མ་ཆོགཔ་སྦེ་ བཟོ་མི་ལུ་བརྟེན་ ད་ལྟོའི་གནས་སྟངས་ནང་ ལས་མི་འཐོབ་ནི་ལུ་ ལཱ་ཁག་ཡོད་པའི་ཁར་ ལཱ་འབད་བཞིན་དུ་ཡོད་མི་ ལས་མི་ཚུ་གིས་ཡང་ ལཱ་འབད་འཕྲོ་ལས་ རང་སོའི་གཡུས་ཁར་ ལོག་འགྱོ་ནི་གི་ དཔའ་བཅམ་མས་ཟེར་ ཁག་འབགཔ་ཆོས་བཟང་གིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ ལས་མི་ཚུ་ རྒྱལ་ཁབ་ནང་ ལཱ་འབད་ནིའི་དོན་ལུ་ ལེན་པའི་སྐབས་ ཟླཝ་༢ དང་༣ དེ་ཅིག་གི་ གླ་འཐུས་ཚུ་ སྔ་གོང་ལས་ སྤྲོད་དགོ་མི་དང་ དངུལ་ཁང་གིས་ ལམ་ལུགས་དང་འཁྲིལ་བའི་ རུ་པི་ཚད་ཅིག་ལས་ བྱིན་མ་བཏུབ་མི་ལུ་བརྟེན་ མ་དངུལ་སྔོན་སྤྲོད་འབད་མི་ཚུགས་པས་ཟེར་ཨིན་པས།
ད་རུང་ ཁག་འབགཔ་མཱར་བྷ་དུར་གྱིས་འབད་བ་ཅིན་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ རུ་པི་ལེན་ཆོག་པའི་གནང་བ་ཐོབ་པའི་ཤུལ་ལུ་ དངུལ་ཁང་ནང་ དངུལ་བཏོན་པར་འགྱོ་བའི་སྐབས་ ལཱ་འབད་དོ་ཡོད་མི་དང་ ཅ་ཆས་ལེན་པའི་སྐོར་ལས་ ཁ་གསལ་གྱི་ ཡིག་ཆ་ཚུ་ གསལ་སྟོན་འབད་དགོཔ་ལས་ གལ་སྲིད་ འདི་ཚུ་གསལ་སྟོན་འབད་ནི་མེད་པ་ཅིན་ རུ་པི་འཐོབ་ནིའི་ གོ་སྐབས་མེད་པའི་ཁར་ རུ་པི་དུམ་གྲ་རེ་ བྱིན་ནི་ཡོད་མི་ཚུ་གི་དོན་ལུ་ཡང་ དུས་ཚོད་ལེ་ཤ་འགོརཝ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ བདེན་དཔྱད་གསལ་སྟོན་གྱི་ ཡིག་ཆ་ལེན་ནིའི་དོན་ལུ་ ཇའི་སྒང་གི་ བཀྲམ་སྤེལ་བ་ཅིག་ལས་ ཅ་ཆས་ཉོ་བའི་བདེན་རྟགས་ཀྱི་ ཡིག་ཆ་ལེན་མི་དེ་ འོང་འབབ་དང་ ཅ་དམ་ཡིག་ཚང་ནང་ གནང་བ་ལེན་ནིའི་དོན་ལུ་ སྤྲོད་ཞིནམ་ལས ཡིག་ཆ་ཚུ་འབག་སྟེ་ དངུལ་ཁང་ནང་ ལྷོད་ལྷོད་ལུ་ ཉུང་ཤོས་ཉིནམ་༣ དང་༤ འགོརཝ་མས་ཟེར་ཨིན་པས།
འདི་བཟུམ་མའི་ དཀའ་ངལ་དེ་ རྒྱལ་ཁབ་ནང་ ཁག་འབགཔ་༢,༦༠༠ ལྷགཔ་ཅིག་ཡོད་མི་ག་ར་ལུ་ བྱུང་ཡོདཔ་ལས་  ཁག་འབགཔ་མང་ཤོས་ཅིག་ ལཱ་འབད་མ་ཚུགས་པར་ ཐོགས་ལུས་མིའི་གྲངས་སུ་ ཀུན་ཕན་བཟོ་སྐྲུན་ལས་སྡེ་དེ་ཨིནམ་ད་ ལས་སྡེ་དེ་ནང་ རྒྱ་གར་གྱི་ལས་མི་༧༠ དེ་ཅིག་ ལཱ་འབད་ཡོད་མི་ཚུ་ལུ་ ཟླ་རིམ་གྱི་ གླ་འཐུས་ཚུ་ དུས་ཚོད་ཁར་སྤྲོད་མ་ཚུགསཔ་ལས་ ལས་མི་དག་པ་ཅིག་ ཐོན་ཡར་སོ་ཡི་ཟེར་ ལས་འགུལ་འཛིན་སྐྱོང་པ་ དཔལ་བཟང་གིས་ སླབ་ཨིན་པས།
དངུལ་ཁང་ཚུ་གིས་འབད་བ་ཅིན་ རུ་པི་དགོ་མི་དེ་ ཁག་འབགཔ་རྐྱངམ་གཅིག་གིས་མ་དོ་བར་ རྒྱ་གར་ལུ་ དཔེ་ཆ་ལྷབ་མི་སློབ་ཕྲུག་དང་ ཚོང་རྐྱབ་མི་ དེ་ལས་ གནས་སྐོར་ལུ་ འགྱོ་མི་ལེ་ཤ་ཡོདཔ་ལས་ དེ་ཚུ་གི་དཀའ་ངལ་ལུ་ཡང་ བལྟ་དགོཔ་ཡོད་ཟེར་ཨིན་པས།
ལཱ་གཡོག་ལྷན་ཁག་ལས་ ལས་གཡོག་འགོ་དཔོན་ཅིག་གིས་འབད་བ་ཅིན་ ཁག་འབགཔ་ཚུ་གིས་ རུ་པི་མ་ལང་པའི་དཀའ་ངལ་ཐོན་པའི་སྐབས་ལུ་རྐྱངམ་གཅིག་ བྱ་སྟབས་མ་བདེཝ་ཡོད་ལུགས་ཀྱི་ ཉོགས་བཤད་བཀོདཔ་མས་ཟེར་ཨིན་པས།
གཞུང་གིས་ སློབ་རིམ་༡༢ པ་མཐར་འཁྱོལ་མི་ སློབ་ཕྲུག་ཚུ་ལུ་ ལག་ཤེས་སྦྱོང་བརྡར་ཚུ་བྱིན་ཏེ་ ཐབས་ལམ་ཚུ་བཏོན་ཡོད་རུང་ ཁོང་ལུ་ རིག་རྩལ་མིན་འདུག་ཟེར་སླབ་སྟེ་ ངོས་ལེན་ལེགས་ཤོམ་འབད་མ་བཏུབ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ བཟོ་སྐྲུན་དང་འབྲེལ་བའི་ལཱ་ཚུ་ འབྲུག་མི་ཚུ་ལུ་ གོ་སྐབས་བྱིན་པ་ཅིན་ ད་ལྟོའི་གནས་སྟངས་ནང་བཟུམ་གྱི་ ལས་མི་མེད་པའི་ དཀའ་ངལ་མི་འཐོན་ནི་ཨིན་པའི་ཁར་ འབྲུག་གི་ཏི་རུ་དེ་ཡང་ རྒྱལ་ཁབ་ནང་ར་ ལུས་ནི་ཨིནམ་མ་ཚད་ རྒྱ་གར་གྱི་ལས་མི་མངམ་སྦེ་ ལེན་མི་དེ་གིས་ དཀའ་ངལ་གྱི་ ལྷན་ཐབས་འབདཝ་མས་ཟེར་ཨིན་པས།
བཟོ་སྐྲུན་གྱི་ལཱ་ནང་ བཅའ་མར་གཏོགས་མི་ མང་ཤོས་ཅིག་གིས་ རང་རྱངམ་གཅིག་གི་ ཁེ་ཕན་ལུ་བལྟ་སྟེ་ འབདཝ་མས་ཟེར་བཀོད་མི་དེ་ཡང་ གལ་སྲིད་ རྒྱལ་ཁབ་ཀྱི་མཐའ་དོན་ལུ་ མནོ་བསམ་བཏང་སྟེ་འབད་བ་ཅིན་ ལས་མི་ཚུ་ རྒྱལ་ཁབ་ནང་འཁོད་ལས་ར་ ཐོན་ཚུགས་པའི་འོས་འབབ་ཡོད་ཟེར་ ལཱ་གཡོག་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ཁག་འབགཔ་ལ་ལུ་གིས་འབད་བ་ཅིན་ རྒྱ་གར་གྱི་ ལས་མི་ཚུ་ མ་ལེན་པར་ བྱ་ཐབས་མེད་མི་དེ་ཡང་ འབྲུག་མི་ཚུ་ལུ་ བཟོ་སྐྲུན་གྱི་ལཱ་འབད་ནིའི་ མཁས་རིག་ལྡན་པའི་ ལྕོགས་གྲུབ་ཚུ་མེད་པའི་ཁར་ རིག་རྩལ་ཡོད་མི་ཚུ་གིས་ཡང་ ལཱ་འབད་ནི་ལུ་ ངོ་ཚ་སྟེ་ སྤྲོ་བ་ལེན་མི་བཏུབ་པས་ཟེར་ཨིན་པས།
ཁག་འབགཔ་ཚུ་ལུ་བྱུང་མི་ དཀའ་ངལ་ཚུ་ ལེགས་ཤོམ་སྦེ་ ངོས་འཛིན་འབད་ཐབས་ལུ་ ཁ་ཙ་ རྒྱལ་ས་ཐིམ་ཕུ་ལུ་སྦེ་ འབྲུག་བཟོ་སྐྲུན་ཚོགས་སྡེའི་ འཐུས་མི་ཚུ་གི་བར་ན་ ལོ་བསྟར་བཀོད་ཚོགས་ཀྱི་ ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ལུ་ གྲོས་བསྡུར་འབད་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment