གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐིམ་ཕུའི་ནགས་མེ་གིས་ ནགས་ཚལ་ཨེ་ཀར་༤༠ དེ་ཅིག་འཚིགས་ཡོདཔ།

སྣུམ་འཁོར་གྱི་ རྐྱེན་ངན་ནང་ རྨ་སྐྱོན་བྱུང་མི་ཚུ་གི་གྲས་ལས་ ནདཔ་༡༢ ཁ་ཙ་ སྨན་ཁང་ནང་ལས་བཏང་ནུག།
སྤྱི་ཟླ་༤ པའི་ཚེས་༡༠། ༉ སྤྱི་ཟླ་༤ པའི་ཚེས་༨ ཀྱི་ཉིན་མར་ ཐིམ་ཕུ་དབྱངས་ཅན་ཕུག་འབྲིང་རིམ་སློབ་གྲྭ་གོང་མའི་ལྟག་ལུ་ སྣུམ་འཁོར་ཅིག་ རྦོབ་རིལ་ཏེ་ མེ་བསད་པར་འགྱོ་མི་ ཁྲིམས་སྲུང་འགག་པའི་ སྤེལ་རྒྱབ་༢ ལུ་ ཤི་རྐྱེན་བྱུང་མི་དང་ འབྲེལ་བ་ཡོད་མི་ ནགས་མེ་དེ་ ཁ་ཙ་ དྲོ་པའི་ཆུ་ཚོད་༡༠ ལུ་ ཧ་ལམ་བསད་ཚུགས་ཡོད་རུང་ ཕྱི་རུའི་ཆུ་ཚོད་༥.༣༠ ལུ་རྐྱངམ་གཅིག་ རྩ་བ་ལས་ བསད་ཚུགས་ཡོདཔ་ཨིན་པས།

དེ་ཡང་ མེ་བསད་མི་ཚུ་གིས་ ཁ་ཉིནམ་བསད་མ་ཚུགས་པར་ ལུས་པའི་ཤུལ་ལུ་ ཁ་ཙ་ དྲོ་པའི་ཆུ་ཚོད་༥ ལས་ བསྟན་སྲུང་དམག་མི་དང་ ནགས་ཚལ་ལས་བྱེདཔ་༢༠༠ ལྷགཔ་ཅིག་གིས་ ས་ཁོངས་དེ་ནང་སོང་སྟེ་ ནགས་མེ་བསད་ཚུགས་ཚུགས་ལུ་ ད་རུང་ ཉིནམ་༡ འགོར་ཡོདཔ་ད་ ནགས་ཚལ་གཙོ་འཛིན་འགོ་དཔོན་ ཕན་ཏོ་ཚེ་རིང་གིས་འབད་བ་ཅིན་ མེ་རྐྱེན་དེ་གིས་ སྟོང་ཕུ་ཤིང་གི་ ནགས་ཚལ་ཨེ་ཀར་༤༤ དེ་ཅིག་ འཚིགས་སོ་ནུག་ཟེར་ཨིན་པས།
ནགས་ཚལ་ལུ་ མེ་རྐྱེན་ཤོར་བའི་སྐབས་ལུ་ མེ་བསད་པར་ ཁྲིམས་སྲུང་འགག་པ་༢༣ འབག་སོང་མི་ སྣུམ་འཁོར་ཊཱག་ཅིག་ ལམ་འོག་ལས་མར་ མི་ཊར་༥༠ གི་ས་ཁར་ རྦོབ་རིལ་སོ་མི་དེ་ནང་ མི་༢ ལུ་ ཤི་རྐྱེན་དང་ གཞན་༡༧ ལུ་ རྨ་སྐྱོན་བྱུང་ཡོད་མིའི་གྲས་ལས་༢ ལུ་ རྨ་སྐྱོན་སྦོམ་བྱུང་སྟེ་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ གློ་བུར་ཚབས་ཆེན་ཁང་ནང་བཞག་ཡོདཔ་ལས་ ད་ལྟོ་ ཁོང་༢ ཆ་ར་ གནས་སྟངས་ལེགས་ཤོམ་ཐོག་ལུ་ཡོདཔ་ད་ ནདཔ་གཞན་༡༢ ཁ་ཙ་ ཕྱི་རུའི་ཆུ་ཚོད་༣.༣༠ དེ་ཅིག་ཁར་ ཁྱིམ་ནང་ལོག་བཏང་ཡོདཔ་ཨིན་པས།
རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ལས་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ནདཔ་ལྷག་ལུས་༥ གི་གྲས་ལས་༣ མགུ་ཏོ་དང་ རྐངམ་བཅག་དཀྲུམ་བཏང་ཡོདཔ་མ་ཚད་ སྒལ་ཏོག་གུ་ རྨ་སྐྱོན་བྱུང་ནུག་ཟེར་ཨིནམ་ད་ ནདཔ་༡ ལུ་ གློཝ་གཤག་བཅོས་འབད་དགོཔ་ཐོན་ཡོདཔ་ཨིན་པས།
ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱི་ བཟོ་རིག་གཙོ་འཛིན་འགོ་དཔོན་ འཕྲིན་ལས་རྣམ་རྒྱལ་གྱིས་ སླབ་མིའི་ནང་ ཁྲིམས་སྲུང་འགག་སྡེའི་ སྣུམ་འཁོར་ཊཱག་དེ་ ལམ་ཀི་ལོ་མི་ཊར་འབུམ་༢ དེ་ཅིག་ འགྲོ་འགྲུལ་འབད་ཡོདཔ་ད་ སྣུམ་འཁོར་དེ་ རྙིངམ་ཐལ་ཡོདཔ་མ་ཚད་ བཀག་འཕྲུལ་ཡང་ མེདཔ་ཐལ་བའི་གུ་ ལམ་གྱི་གནས་སྟངས་ཡང་ ལེགས་ཤོམ་མེད་མི་ལུ་བརྟེན་ རྐྱེན་ངན་བྱུང་ནུག་ཟེར་ཟེར་ཨིན་པས།
ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ནགས་མེ་ཤོར་ས་ལས་ དོགས་པ་ཅན་༣ འཛིན་བཟུང་འབད་ཡོད་རུང་ ཁོང་གིས་ ཁ་བཟེད་མི་བཏུབ་པས་ཟེར་ཨིནམ་ད་ ད་ལྟོ་ ནགས་ཚལ་འགོ་དཔོན་དང་ ཁྲིམས་སྲུང་འགག་པ་༢ མཉམ་རུབ་ཐོག་ལས་ ཞིབ་དཔྱད་འབད་བའི་བསྒང་ཡོད་ཟེར་ཨིན་པས།
ནགས་ཚལ་གཙོ་འཛིན་འགོ་དཔོན་ཕན་ཏོ་ཚེ་རིང་གིས་ སྤྱི་ལོ་༢༠༠༩ ལུ་ སྤུ་ན་ཁ་རྫོང་ཁག་ནང་ མེ་རྐྱེན་ཤོར་བའི་སྐབས་ མེ་གསད་ནིའི་དོན་ལུ་ ཆ་རོགས་འབདཝ་ད་ ཨམ་སྲུ་༢ མེ་གིས་འཚིགས་ཏེ་ ཤི་བའི་ཤུལ་ལུ་ ད་རིས་ སྣུམ་འཁོར་རྦོབ་རིལ་ཏེ་ ཤི་རྐྱེན་བྱུང་མི་དེ་ རྒྱལ་ཁབ་ནང་ འགོ་དང་པ་ཨིན་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment