གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལས་མིའི་ཉེན་སྲུང་དང་ལྡནམ་སྦེ་མེད་མི་གིས་ བཟོ་སྐྲུན་ཇོ་བདག་ལུ་ ཉེས་བྱ་བཀལ་ཡོདཔ།

༣༠/༡༠/༢༠༡༢    ༉ ལཱ་འབད་སའི་ས་ཁོངས་ནང་ ལས་མི་༢ ལུ་ གནོད་སྐྱོན་བྱུང་བའི་ཤུལ་ལུ་ དབྱེ་ཞིབ་འབདཝ་ད་ འཕྲོད་བསྟེན་ཉེན་སྲུང་དམ་འཛིན་དང་འཁྲིལ་ མ་འབད་མི་དང་ བྱུང་རྐྱེན་དེའི་སྐོར་ལས་ བཟོ་སྐྲུན་ལས་སྡེ་ལུ་ སྙན་ཞུ་མ་འབད་བར་བཞག་མི་ལུ་བརྟེན་ སེམས་རྟོགས་ཁའི་ བཟོ་སྐྲུན་ཇོ་བདག་གཅིག་ལུ་ ཉེས་བྱ་དངུལ་ཀྲམ་ ༡༨,༠༠༠ བཀལ་ཡོདཔ་ཨིན་པས། 


བྱུང་རྐྱེན་དེ་གི་སྐོར་ལས་ བརྡ་བརྒྱུད་ནང་ སྙན་ཞུ་ལྷོད་པའི་ཤུལ་ལས་རྐྱངམ་གཅིག་ ཁོང་གིས་ ཞིབ་དཔྱད་འབད་ཡི་ཟེར་ ལས་མི་འགོ་དཔོན་གྱིས་ སླབ་ཨིན་པས།
ལས་མི་འགོ་དཔོན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ལས་མི་གཉིསཔོ་དེ་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ སྒྲིང་ཁྱིམ་དེ་ནང་ རྩི་སའི་བྱིལ་རྐྱབ་མི་ཨིནམ་ད་ སྦ་གིས་བཟོ་ཡོད་པའི་ ལཱ་སྟེགས་དེ་སྒྲིང་སྒྲིང་མེད་མི་ལུ་བརྟེན་ སྒྲིང་ཁྱིམ་ཐོག་ཚད་༥ ལས་མར་ རྦོབ་རིལ་རིལཝ་བཟུམ་འདུག་ཟེར་ཨིན་པས།
ཉམས་རྒུདཔ་༢ པོ་དེ་ ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ལས་ འདས་པའི་བདུན་ཕྲག་ནང་ ལོ་བཏང་ཡི་ཟེར་ཨིནམ་ད་ སྤྱི་ཟླ་༡༠ པའི་ཚེས་༡ ལས་ཚུར་ འཕྲོད་བསྟེན་ཉེན་སྲུང་དང་ དམ་འཛིན་ཁ་ཐུག་ལས་ ལས་མི་ཚུ་ལུ་ ཉེན་སྲུང་གི་མཁོ་ཆས་ཞྭམོ་དང་ བསྡམ་ཐག་ དེ་ལས་ ལྷམ་ཚུ་བྱིན་དགོཔ་ཨིན་རུང་ དེ་ཚུ་ ག་ནི་ཡང་ མ་བྱིན་པས་ཟེར་ཨིན་པས།
ལཱ་གཡོག་གི་ཁྲིམས་ལུགས་དང་འཁྲིལ་ ལས་མི་ཚུ་ལུ་ ཉེན་སྲུང་གི་མཁོ་ཆས་ཚུ་ བཀྲམ་སྤེལ་ མ་འབད་མི་ལུ་བརྟེན་ བཟོ་སྐྲུན་ཇོ་བདག་དེ་ལུ་ ཉེས་བྱ་དངུལ་ཀྲམ་༩,༠༠༠ དང་ ད་རུང་ བྱུང་རྐྱེན་དེ་གི་སྐོར་ལས་ སྙན་ཞུ་མ་འབད་བའི་ ཉེས་བྱ་དངུལ་ཀྲམ་༩,༠༠༠ བཀལ་ཡོདཔ་ཨིན་པས།
སྤྱིར་བཏང་ལུ་འབད་བ་ཅིན་ དེ་བཟུམ་གྱི་རྐྱེན་ངན་བྱུང་པའི་སྐབས་ སྙན་ཞུ་མ་འབད་བ་ཅིན་ དེ་ལུ་ ཉེས་བྱ་༣༦,༠༠༠ ཚུན་ ཡར་འཕར་འགྱོ་ནི་ཨིན་རུང་ ཇོ་བདག་དེ་གིས་ རྐྱེན་ངན་དེ་བཟུམ་བྱུངམ་ད་ འབྲེལ་ཡོད་ལས་ཁུངས་ལུ་ སྙན་ཞུ་འབད་དགོཔ་ཨིནམ་ ཁོ་ལུ་ཤེས་རྟོགས་མེད་ཟེར་སླབ་མི་ལུ་བརྟེན་ ཉེས་བྱ་དེ་ ཡང་ཕྲ་སྦེ་བཞག་ཅི་ཟེར་ཨིན་པས།
ད་རེས་བྱུང་མིའི་རྐྱེན་ངན་དེ་རྩིསཝ་ད་ ཐེངས་༣ བྱུང་ཡོདཔ་ད་ ཐེངས་༡ པའི་བྱུང་རྐྱེན་དེ་ སྤྱི་ཟླ་༡༠ པའི་ཚེས་༡༠ ལུ་ སྐྱེས་ལོ་༢༥ ལང་མི་ རྒྱ་གར་གྱི་ལས་མི་ཅིག་ལུ་ ཤི་རྐྱེན་བྱུང་ཡོད་པའི་ཁར་ ཐེངས་༢ པ་དེ་ བདུན་ཕྲག་༡ གི་ཤུལ་ལུ་བྱུང་ཡོདཔ་བཞིན་དུ་ དེ་བསྒང་ཉམས་རྒུདཔ་དེ་ སྒྲིང་ཁྱིམ་ཐོག་ཚད་༤ འབད་མི་ལས་ འགྱེལ་ཏ་རྐྱབ་སྟེ་ རྦོབ་རིལ་མི་ལུ་བརྟེན་ ཟ་ལྟབ་དང་ རྐང་ལག་ དེ་ལས་ རྩིབས་སྒྲོ་ཚུ་བཅགས་དཀྲུམས་བཏང་ནུག་ཟེར་ཨིན་པས།
ལཱ་གཡོག་དྲུང་ཆེན་གྱིས་ ཧེ་མའི་དྲིས་ལན་ནང་ སླབ་དོ་བཟུམ་འབད་བ་ཅིན་ འཕྲོད་བསྟེན་ཉེན་སྲུང་དམ་འཛིན་ནང་བཀོད་དོ་བཟུམ་ ཇོ་བདག་ཚུ་གིས་ བཟོ་སྐྲུན་ས་ཁོངས་ནང་ལུ་ ལག་ལེན་འཐབ་མི་ སྦ་གིས་བཟོ་ཡོད་པའི་ ལཱ་སྟེགས་དེ་སྒྲིང་སྒྲིང་བསྡམ་ཐོག་ལས་ མི་གི་ ལྗིད་ཚད་འབག་ཚུགསཔ་སྦེ་ བཟོ་དགོ་ཟེར་ཨིན་པས།
འཕྲོད་བསྟེན་ཉེན་སྲུང་ དམ་འཛིན་གྱིས་ཡང་ བཟོ་སྐྲུན་ས་ཁོངས་ཚུ་ ཉེན་སྲུང་དང་ལྡནམ་སྦེ་བཞག་ནི་ལུ་ གཙོ་བོར་བཏོན་ནི་ཨིནམ་ད་ བཟོ་སྐྲུན་ལས་སྡེ་གིས་ བཟོ་བཀོད་ཚུ་ཉམས་འགྱོ་ནི་ལས་ བཀག་ཐབས་ཚུ་འབད་དེ་ བཟོ་སྐྲུན་འབད་དགོཔ་ཨིན་པས།
ཨིན་རུང་ བཟོ་སྐྲུན་ས་ཁོངས་མང་ཤོས་ཅིག་ནང་ ཉེན་སྲུང་དང་ལྡན་པའི་ ལཱ་འབད་སའི་ས་ཁོངས་ཚུ་ རྒྱུན་སྐྱོང་མ་འཐབ་པའི་ཁར་ བཟོ་སྐྲུན་ཅ་ཆས་ཚུ་ཡང་ ག་ལྷོད་བཞག་དོ་ཡོདཔ་ཨིན་པས།
བྱུང་རྐྱེན་ཚུ་གི་སྐོར་ལས་སྙན་ཞུ་མ་འབད་བ་བཞག་མི་ ལུང་བསྟན་ཕུག་དང་ ཨོ་ལ་ཁ་ལུ་ཡོད་པའི་ བཟོ་སྐྲུན་ཇོ་བདག་༢ ལུ་ཡང་ ཉེས་བྱ་ཚུ་བཀལ་ནི་ཟེར་ ལས་མི་འགོ་དཔོན་གྱིས་ སླབ་ཨིན་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment