གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནས་ཚད་དང་ལྡན་པའི་ འགྲུལ་སྐྱེལ་བཱསི་བཞག་སའི་ ས་ཁོངས་མེདཔ།

ཁྲོམ་གྱི་ས་ཁྲ་གསརཔ་དང་འཁྲིལཝ་ད་ སྐྱེལ་འདྲེན་བཱསི་བཞག་སའི་ས་ཁོངས་དེ་ ས་གནས་གཞན་ཅིག་ནང་ ངོས་འཛིན་འབད་དེ་ཡོདཔ་ཨིན་པས།
རྩི་རང་གི་ འགྲུལ་སྐྱེལ་བཱསི་བཞག་སའི་ས་ཁོངས།
༢༠/༡༠/༡༢། ༉ རྩི་རང་ལས་ འགོ་དང་པ་ རྒྱལ་ཁབ་ཀྱི་ས་གནས་ཁག་ཚུ་ནང་ འགྲོ་འགྲུལ་འབད་མི་ ལམ་འགྲུལཔ་ཅིག་ཨིན་པ་ཅིན་ འགྲམ་ཕུ་ཁྲོམ་ཁར་ འགྲུལ་སྐྱེལ་བཱསི་འཚོལ་འཐོབ་ནི་ལུ་ ལཱ་ཁག་རྐྱབ་ནི་ཨིན་མི་དེ་ཡང་ ཁྲོམ་ཁར་ བཱསི་བཞག་སའི་ས་ཁོངས་ ཏན་ཏན་ཅིག་ མེད་ནི་དེ་གིས་ཨིན་པས།
ཁྲོམ་གྱི་འཛུལ་སྒོ་ནང་ར་ སྒོར་ལམ་གྱི་འོག་ལུ་ འགྲུལ་སྐྱེལ་བཱསི་ཚུ་བཞག་སའི་ ཐང་ཅིག་མཐོང་མི་དེ་ བཟོ་སྐྲུན་གྱི་ས་ཁོངས་བཟུམ་སྦེ་ མཐོང་དོ་ཡོདཔ་ད་ དེ་ནང་ སྣུམ་འཁོར་ཊཱག་དང་ ཌི་སི་ཨེམ་ དེ་ལས་ སྒེར་གྱི་སྣུམ་འཁོར་ཆུང་བ་ཚུ་ བཞག་སར་མཐོངམ་ཨིན་པས།

ཐང་གི་འོག་ལུ་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ ཡིག་ཚང་དང་ གཡོན་ཁ་ཐུག་ལུ་ འབྲུག་ཟ་སྤྱོད་ལས་འཛིན་གྱི་ མཛོད་ཁང་ཡོདཔ་ཨིན་པས།
ཐང་དེ་ སྙོམས་ཏོག་ཏོ་མེད་ནི་དེ་གིས་ ས་དོང་ཚུ་ཡོད་པའི་ཁར་ སྦུག་ན་ལས་ཕར་ ས་དང་རྡོ་ཚུ་ཡང་ སྤུངས་བཞག་སྟེ་ཡོདཔ་ད་ ཐང་དེ་ གནམ་བྱཱར་ཆརཔ་རྐྱབ་པའི་སྐབས་ ཆུ་གིས་ལྟེམ་ལྟེམ་གང་སྟེ་ སྣུམ་འཁོར་ཚུ་ ནང་ན་འཛུལ་ཞིནམ་ལས་ ལོག་ཕྱི་ཁར་བཏོན་མ་ཚུགས་པར་ ལཱ་ཁག་རྐྱབ་དོ་ཡོདཔ་ད་ གནམ་དགུན་ལུ་འབད་བ་ཅིན་ ཐལཝ་ཚུ་ལོང་དོ་ཡོདཔ་ཨིན་པས།
ད་རུང་ དེ་ཁར་ སྣུམ་འཁོར་བཱསི་བཞག་ས་ཨིན་པའི་ བརྡ་བྱང་ཡང་མེདཔ་ད་ བཞག་ས་གཏན་འཁེལ་མེད་མི་ལུ་བརྟེན་ འགྲུལ་སྐྱེལ་བཱསི་མང་ཤོས་ཅིག་གིས་ ནང་ན་མ་འཛུལ་བར་ ཕྱི་ཁ་ལས་ར་ འགྱོ་དོ་ཡོད་མི་ལུ་བརྟེན་ འགྲུལ་པ་ཚུ་ བཀོག་བཞག་དོ་ཡོད་པའི་ ལོ་རྒྱུས་ཚུ་ཡང་ ཡོདཔ་ཨིན་པས།
བཱསི་བཞག་ས་ལས་ སྤྱིར་བཏང་ ཉིན་བསྟར་བཞིན་དུ་ ཐིམ་ཕུ་དང་ ཕུན་ཚོགས་གླིང་ དེ་ལས་ དགེ་ལེགས་ཕུག་ལུ་ འགྲུལ་སྐྱེལ་བཱསི་༨ དེ་ཅིག་ འགྲོ་འགྲུལ་འབད་དོ་ཡོདཔ་མ་ཚད་ རྫོང་ཁག་འོག་གི་ གསེར་གྱི་ཐང་དང་ ཕུན་བརྟན་ཆུ་ སེམས་ལྗོངས་ དུང་ལ་སྒང་ དེ་ལས་ བར་གཤོང་རྒེད་འོག་༥ ནང་ སྐྱེལ་འདྲེན་ཞབས་ཏོག་ཚུ་ཡང་ ཡོདཔ་ཨིན་པས།
ཁ་ཙ་ སྣུམ་འཁོར་བཞག་སའི་ས་ཁོངས་ནང་ ཐིམ་ཕུ་འགྱོ་ནིའི་དོན་ལུ་ བཱསི་སྒུག་སྡོད་མི་ འགྲུལ་པ་ཅིག་གིས་ སླབ་མིའི་ནང་ བཱསི་བཞག་སའི་ ས་ཁོངས་ནང་འོང་ནི་དེ་ བསུན་ཆི་ཡི་ཟེར་ཨིནམ་ད་ དུས་ཚོད་མང་ཤོས་ཅིག་ནང་ར་ སྐྱེལ་འདྲེན་གྱི་ཞབས་ཏོག་ ལག་ལེན་འཐབ་མི་ འགྲུལ་པ་དེ་གིས་ སླབ་མིའི་ནང་ སྤུས་ཚད་དང་ལྡན་པའི་ སྐྱེལ་འདྲེན་བཱསི་བཞག་ས་ཅིག་ གོང་འཕེལ་གཏང་ནིའི་དུས་ཚོད་ ན་འཐན་རན་ཡི་ཟེར་ཨིན་པས།
ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ འགོ་དཔོན་ཚུ་དང་འཁྲིལཝ་ད་ ཡིག་ཚང་རྩིས་ཏེ་ ཨེ་ཀར་༡ དང་ ཌིསི་༢༧ དེ་ཅིག་འབད་མི་ ས་ཆ་དེ་ མ་གཞི་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ མིང་ཐོག་ཁར་ཡོད་རུང་ གོང་འཕེལ་གྱི་དོན་ལུ་ ད་ལྟོ་ ས་གོའི་སྟབས་མ་བདེཝ་ཡོད་མི་ལུ་བརྟེན་ ལུས་སོ་ཡི་ཟེར་ཨིན་པས།
དེ་ཡང་ ད་ལྟོ་ ཁྲོམ་གྱི་ས་ཁྲ་གསརཔ་དང་འཁྲིལཝ་ད་ སྐྱེལ་འདྲེན་བཱསི་བཞག་སའི་ས་ཁོངས་དེ་ ས་གནས་སོ་སོ་ཅིག་ནང་ ངོས་འཛིན་འབད་དེ་ཡོདཔ་ཨིན་པས།
རྩི་རང་གི་ སྐྱེལ་འདྲེན་དབང་འཛིན་གྱི་ ཡན་ལག་འགོ་འཛིན་པ་ ནོར་བུ་རྒྱ་མཚོ་གིས་ སླབ་མིའི་ནང་ ཁྲོམ་ཁར་ བཱསི་བཞག་ས་གཏན་འཁེལ་ཅིག་ དགོས་མཁོ་ཡོདཔ་བཞིན་དུ་ འདས་པའི་ལོ་ཚུ་ནང་ གནས་སྐབས་ཀྱི་བཞག་ས་ རྩི་གནག་བཏང་སྟེ་ བཟོ་ནིའི་སྐོར་ལས་ ཁ་སླབ་ཡོད་རུང་ ཟད་འགྲོ་སྦོམ་གནས་མི་ལུ་བརྟེན་ བཤོལ་བཞག་ཡི་ཟེར་ཨིན་པས།
རྩི་རང་ཁྲོམ་སྡེ་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ ད་ལྟོའི་ས་གནས་དེ་ ཁྲོམ་གྱི་འཆར་གཞི་ཨམ་དང་འཁྲིལཝ་ད་ བསྒྱུར་བཅོས་འབད་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
བཀོད་ཁྱབ་བཟོ་རིག་འགོ་དཔོན་ བཀྲ་ཤིས་ཆོས་འཕེལ་གྱིས་ སླབ་མིའི་ནང་ འཆར་གཞི་དང་འཁྲིལཝ་ད་ བཱསི་བཞག་སའི་དོན་ལུ་ རྩི་རང་དང་ དབང་འདུས་ཀྱི་ གཞུང་ལམ་འོག་ལུ་ ཁྲོམ་ཁ་ལས་ མི་ཊར་༥༠༠ དེ་ཅིག་ལུ་ ས་ཆ་ཨེ་ཀར་༢ དེ་ཅིག་འབད་མི་ ད་ལྟོ་ སྒེར་གྱི་ཤིང་དྲ་ཁང་ཡོད་སའི་ ས་ཁོངས་དེ་ ངོས་འཛིན་འབད་དེ་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ས་ཁོངས་དེ་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱིས་ གོང་འཕེལ་གཏང་དགོཔ་བཞིན་དུ་ བཟོ་སྐྲུན་གྱི་དོན་ལུ་ གྲ་སྒྲིག་ནམ་འགྱོཝ་ཅིག་ གདོང་ཁར་འོང་པ་ཅིན་ རྫོང་ཁག་གི་ཁ་ཐུག་?ལས་ བགོ་བཀྲམ་འབད་ཆོག་ཆོ་ཡོད་ཟེར་ཨིན་པས།
དགེ་ལེགས་ཕུག་ལུ་ཡོད་པའི་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ ལུང་ཕྱོགས་སྐྱེལ་འདྲེན་གཙོ་འཛིན་འགོ་དཔོན་འོག་མ་ ལོག་ནཱཐི་ཤར་མ་གིས་ སླབ་མིའི་ནང་ རྩི་རང་ལུ་ འགྲུལ་སྐྱེལ་བཱསི་བཞག་སའི་ ས་ཁོངས་དགོཔ་ངེས་པར་དུ་ གལ་ཆེཝ་ཡོད་རུང་ ད་ལྟོ་ ས་གོ་གཏན་འཁེལ་ཅིག་ བགོ་བཀྲམ་མ་འབད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྫོང་ཁག་གིས་ ས་གོ་གཏན་འཁེལ་བཟོ་མི་དེ་ གནས་ཚུལ་ལེགས་ཤོམ་ཅིག་ཨིནམ་བཞིན་དུ་ རྫོང་ཁག་གིས་ ཡིག་ཐོག་ལུ་འབད་རུང་ གཞུང་འབྲེལ་དུ་ ས་གོ་དེ་བྱིན་པ་ཅིན་ དབང་འཛིན་གྱི་ཁ་ཐུག་ལས་ ས་ཆ་ཐོ་བཀོད་འབད་དེ་ ས་ཁྲ་ཚུ་བཟོ་སྟེ་ གོང་འཕེལ་གྱི་ལས་སྣ་ཚུ་ ག་དེ་མགྱོགས་མགྱོགས་ འགོ་བཙུགས་ཆོག་ཆོ་ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།


རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment