གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སོ་ནམ་ཞིང་ལམ་གྱིས་ མི་སེར་ཚུ་ལུ་ ཕན་ཐོགས་སྦོམ་འབྱུང་ཚུགས་ནི།

༢༧/༡༠/༢༠༡༢   ༉ ལྷུན་རྩེ་རྫོང་ཁག་ རྒྱ་རས་རྒེད་འོག་ ངང་ངེ་གཡུས་ཚན་ལས་ སྐྱེས་༥༥ ལང་མི་ ཕུན་ཚོགས་རྡོ་རྗེ་གིས་ ད་ལས་ཕར་ ཁོ་ར་ཧ་ལམ་ ལོ་ན་རྒས་དོ་ཡོདཔ་ལས་ ཚྭ་ཚོ་ཏོ་དང་ བཟའ་འཐུང་གི་རིགས་ཚུ་ ཉོ་བར་འགྱོ་ནི་ལུ་ ལཱ་ཁག་བཏང་དོ་ཡོད་མི་དེ་ཡང་ ད་ལྟོ་ཚུན་ ཁོ་རའི་གཡུས་ཁ་ལུ་ འཁོར་ལམ་གྱི་ཞབས་ཏོག་མེདཔ་ལས་ རྐང་སྟོང་སྦེ་ དུས་ཡུན་ཞག་དང་ ཆུ་ཚོད་ལས་བཅད་དེ་ སྒོར་གཱན་དང་ ཨའུ་ཚོ་གཞུང་ལམ་ཁར་ འགྱོ་དགོཔ་ལས་ སྟབས་མ་བདེཝ་སྦོམ་ཡོདཔ་ཨིན་པས།
འགོ་འབྱེད་འབད་མི་ རྒྱ་རས་ཀྱི་ སོ་ནམ་ཞིང་ལམ།


དེ་མ་ཚད་ གཡུས་ཁ་ལུ་ ནདཔ་ཚབས་ཆེན་རེ་ཐོན་རུང་ འཁོར་ལམ་མེད་པའི་བསྒང་ལས་ འབད་ས་དང་བཅའ་ས་ག་ནི་ཡང་མེད་མི་ལུ་བརྟེན་ བྱག་དང་ཆུ་ཡོད་པའི་ས་ཁོངས་དོགས་དྲག་ ག་དེ་ཅིག་ཡོད་རུང་ ནདཔ་ཚུ་མི་གིས་ འབག་སྟེ་ དུས་ཡུན་ཞག་དང་ ཆུ་ཚོད་ལས་བཅད་དེ་ རྒེད་འོག་གི་ཐག་ཉེ་ཤོས་ སྒོར་གཱན་དང་ ཨའུ་ཚོ་གཞུང་ལམ་ཚུན་བསྐྱལ་དགོཔ་ལས་ རྒེད་འོག་དེ་གི་མི་སེར་ཚུ་ དཀའཝ་སྦོམ་སྤྱད་དོ་ཡོད་པའི་ དྲན་ཚོར་བྱུངམ་ཨིན་པས།
ཨིན་རུང་ ཁོ་དང་ ཁོ་རའི་བུ་གཞི་ཚུ་གིས་ ད་ལས་ཕར་ ཧེ་མ་བཟུམ་སྦེ་ དཀའཝ་སྤྱད་དགོཔ་མི་ཐོན་ནི་ཨིན་མི་དེ་ཡང་ དུས་ཅི་ལས་ རྒྱ་རས་རྒེད་འོག་ལྟེ་བ་ཚུན་ འཁོར་ལམ་གྱི་ཞབས་ཏོག་ ལྷོད་ཚུགས་མི་ལུ་བརྟེན་ཨིནམ་ད་ འཁོར་ལམ་གསར་བཏོན་འགོ་འབྱེད་རྟེན་འབྲེལ་དེ་ཡང་ སྤྱི་ཟླ་འདི་གི་ སྤྱི་ཚེས་༢༥ ལུ་ རྒེད་འོག་ལྟེ་བ་ལུ་སྦེ་ ལྷུན་རྩེའི་དྲང་རབ་ ཨྱོན་རྡོ་རྗེ་གིས་ འབད་ཡོདཔ་ད་ དེ་སྐབས༌ རྫོང་ཁག་གི་འགོ་དཔོན་དང་ མི་སེར་ཚུ་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
སྒོར་གཱན་ལས་ རྒེད་འོག་ལྟེ་བ་ཚུན་ རིང་ཚད་ཀི་ལོ་མི་ཊར་༣༦ དེ་ཅིག་འབད་མི་ སོ་ནམ་ཞིང་ལམ་དེ་ སྤྱི་ལོ་༢༠༠༩ སྤྱི་ཟླ་༣ པ་དེ་ཅིག་ལས་ སེལ་ནི་འགོ་བཙུགས་ཡོདཔ་ད་ ལམ་དེ་གིས་ བཟང་མཁར་དང་ ལྕང་ཁ་ལ་ རྒྱ་རས་ དེ་ལས་ སྤྱ་ཀྲོང་གཡུས་ཚན་ཚུ་བརྒྱུད་དེ་བཏོན་ཡོདཔ་ལས་ འཁོར་ལམ་དེ་ རྒེད་འོག་ལྟེ་བ་ཚུན་ ཟླཝ་འདི་གི་བདུན་ཕྲག་སྔ་ཆ་ལུ་ ལྷོད་ཚུགས་ཡོདཔ་ཨིན་པས།
རྒྱ་རས་རྒཔོ་ ཀུན་བཟང་མིན་འགྱུར་གྱིས་ སླབ་མིའི་ནང་ ད་ལྟོ་ཚུན་ རྒེད་འོག་དེ་ མཐའ་ཟུར་གྱི་གཡུས་ཚན་ཅིག་ཨིན་མི་དེ་ཡང་ འཁོར་ལམ་གྱི་མཐུན་རྐྱེན་མེད་ནི་དེ་གིས་ གཡུས་མི་ལ་ལུ་ཅིག་ ཐིམ་ཕུ་ལུ་ལྷོད་ནི་ཕར་བཞག་ ཐ་ན་ ཨའུ་མཚོ་ལུ་ཡང་ མ་ལྷོད་མི་ཡོདཔ་ལས་ ད་ལས་ཕར་ འཁོར་ལམ་གྱི་ཞབས་ཏོག་ལུ་བརྟེན་ ཚོད་བསྲེ་དང་ ཤིང་འབྲས་ཚུ་ཚོང་འབྲེལ་འཐབ་ནིའི་ གོ་སྐབས་འཐོབ་ནི་ཨིནམ་ལས་ རྒེད་འོག་གི་མི་སེར་ཚུ་གི་ འཚོ་བའི་གནས་སྟངས་དེ་ལུ་ འགྱུར་བ་སྦོམ་འགྱོ་ཚུགས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ གཡུས་སྒོ་འདི་ནང་ འབྲུ་སྣའི་རིགས་ཀྱི་ ལོ་ཐོག་ཚུ་ག་ཅི་ཡང་འཚོ་སྟེ་འབད་རུང་ ཚོང་འབྲེལ་འཐབ་ནིའི་དོན་ལུ་ མི་གིས་འབག་དགོཔ་ལས་ སྟབས་མ་བདེཝ་སྦོམ་ཡོད་ནི་དེ་གིས་ འཚོ་བའི་གནས་སྟངས་དེ་ སྐྱོ་སུ་སྦེ་ར་ལུས་ཡོད་ཟེར་ཨིན་པས།
རྒེད་འོག་དེ་གི་ དབུལ་ཕོངས་ཀྱི་ཚད་གཞི་དེ་ བརྒྱ་ཆ་༤༦ ཨིནམ་ལས་ ད་ལས་ཕར་ འཁོར་ལམ་གྱི་མཐུན་རྐྱེན་ལུ་བརྟེན་ མར་ཕབ་འབད་ཚུགས་ཟེར་ཨིནམ་ད་ མི་སེར་ཚུ་གིས་འབད་རུང་ ད་ལས་ཕར་ རང་མགོ་རང་འདྲོངས་བཟོ་ཐབས་ལུ་ ཚོད་བསྲེ་ལ་སོགས་པའི་ སོ་ནམ་གྱི་ལཱ་ལུ་ཤུགས་གཏོན་ནི་ལུ་ རྩ་འགེངས་དགོཔ་འོང་ཟེར་ཨིན་པས།
ད་རེས་ནངས་པར་ རྒྱ་རས་རྒེད་འོག་ནང་ ཁྱིམ་གུང་པ་༢༠༠ ལྷགཔ་ཅིག་ཡོདཔ་ད་ དེ་ཚུ་ཡང་ གཡུས་ཁ་སྟོར་ཏེ་ཡོདཔ་ལས་ མི་སེར་ཚུ་ རྒེད་འོག་ནང་འཛོམས་འདུ་ལ་སོགས་པ་འཚོགས་པའི་སྐབས་ལུ་ འཁོར་ལམ་གྱི་ཞབས་ཏོག་མེད་པ་ཅིན་ སྟབས་མ་བདེཝ་ཡོད་ཟེར་ སྐྱེས་༥༥ ལང་མི་ སོ་ནམ་པ་ ཕུན་ཚོགས་ཀྱིས་སླབ་ཨིན་པས།
རྒེད་འོག་ནང་གི་མི་སེར་ཚུ་གིས་ འཚོ་བ་གེ་ཟ་ལུ་ གཙོ་བོ་བཏོན་སྡོད་དོ་ཡོདཔ་ཨིན་རུང་ ད་ལྟོ་ཚུན་ མི་སེར་ཚུ་གིས་ ཚོད་བསྲེ་ལ་སོགས་པ་ཚུ་ རྒྱ་ཆེ་དྲགས་སྦེ་འཛུགས་སྐྱོང་འབད་ནི་མེད་མི་དེ་ཡང་ ཚོང་ལམ་གྱི་མཐུན་རྐྱེན་མེད་ནི་དེ་གིས་ཨིན་ཟེར་ཨིན་པས།
འགོ་འབྱེད་ཀྱི་སྐབས་ལུ་ སྐུ་མགྲོན་གཙོ་བོ་སྦེ་བྱོན་མི་ ལྷུན་རྩེ་རྫོང་ཁག་གི་དྲང་རབ་ ཨྱོན་རྡོ་རྗེ་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ རྒྱ་རས་རྒེད་འོག་དེ་ མཐའ་ཟུར་གྱི་རྒེད་འོག་ཅིག་སྦེ་ལུས་ཡོདཔ་ཨིན་རུང་ ད་ལས་ཕར་ འཁོར་ལམ་ལུ་བརྟེན་ མི་སེར་ཚུ་གི་འཚོ་བའི་ གནས་སྟངས་དེ་ ཡར་དྲག་གཏང་ཚུགས་ཟེར་ཨིནམ་ད་ འཁོར་ལམ་དེ་ ཚར་གཅིག་བཏོན་ཚར་བའི་ཤུལ་ལུ་ མི་སེར་ཚུ་གིས་ སེམས་དགའ་སྟེ་སྡོད་ནི་མེན་པར་ ལམ་བསུབས་པའི་སྐབས་ལུ་ བསལ་ནིའི་འགན་ཁུར་ཡང་ མི་སེར་གཅིག་མཐུན་ཐོག་ལས་ ལཱ་འབད་ནི་ལུ་ རྩ་འགེངས་དགོ་ཟེར་ཨིན་པས།
སྒོར་གཱན་ལས་ ཀི་ལོ་མི་ཊར་༣༦ འབད་མི་ སོ་ནམ་ཞིང་ལམ་དེ་ རྒྱ་གར་གཞུང་གི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ བསལ་ཡོདཔ་ད་ མི་སེར་ཚུ་གིས་འབད་རུང་ རྒྱ་གཞུང་ལུ་བཀྲིན་དགའ་ཚོར་ཡོད་ཟེར་ཨིནམ་ད་ འཁོར་ལམ་ཅིག་དེ་ ད་རེས་ནངས་པ་ ཨའུ་མཚོ་ལས་ སེལ་བའི་བསྒང་ཡོདཔ་ལས་ ཨའུ་ཚོ་ལས་འབད་བ་ཅིན་ རྒེད་འོག་ལྟེ་བ་ཚུན་ ཀི་ལོ་མི་ཊཪ་༡༦ དེ་ཅིག་ལས་བརྒལ་མེདཔ་ཨིན་རུང་ ད་ལྟོ་སེལ་ཚར་མི་ལམ་དེ་ གཡུས་སྒོ་༤ དེ་ཅིག་ལས་ བརྒྱུད་དེ་བཏོན་ཡོདཔ་ལས་ ཐག་རིང་སུ་སྦེ་ཡོད་པའི་གནས་ཚུལ།


བདེ་ཆེན་ཚེ་རིང།

No comments:

Post a Comment