གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་ས་ཡ་ལས་བཅད་དེ་ ཤི་རྐྱེན་འབྱུང་ཉེན།

༢༥/༡༠/༢༠༡༢   ༉ འགྲོ་བ་མི་དང་འབྲེལ་བའི་ དཀའ་ངལ་གྱི་གནས་སྟངས་ཚུ་ནང་ དོན་སྨིན་ཅན་གྱི་ གྲོགས་རམ་འབད་མི་ཚོགས་པ་ཅིག་ཨིན་མི་ རྒྱལ་སྤྱིའི་གཞུང་མིན་ལས་ཚོགས་ ཌཱ་རཱ་གིས་ འཕྲལ་ཁམས་གསལ་སྟོན་འབད་མི་ སྙན་ཞུ་ཅིག་དང་འཁྲིལཝ་ད་ བཙོག་རླུང་ཡར་སེང་ལུ་བརྟེན་ ཚ་དྲོད་ཡར་སེང་འགྱོ་དོ་ཡོད་མི་དེ་གིས་ གོང་འཕེལ་འགྱོ་བའི་བསྒང་ཡོད་མི་ རྒྱལ་ཁབ་ཚུ་ལུ་ རྒྱ་ཆེ་དྲགས་སྦེ་ར་ གནོད་ཉེན་བྱུང་ནིའི་ འོས་འབབ་འདུག་ཟེར་ཨིན་པས།


དེ་ཡང་ བཙོག་རླུང་ལུ་བརྟེན་ ཚ་དྲོད་ཡར་སེང་ལུ་བརྟེན་ གངས་རི་ཚུ་གུ་ཡོད་མི་ ཁྱེགས་ཚུ་བཞུ་འགྱོ་མི་གིས་ ཁྱེགས་མཚོ་རྦད་འོང་བའི་ཉེན་ཁ་དང་ གནམ་གཤིས་རྩུབ་ཅན་གྱི་གནས་སྟངས་ དེ་ལས་ མཚོའི་ཆུ་ཚད་ཡར་སེང་ཐོག་ མཚོའི་སྦོ་ལོགས་ཁར་ཡོད་མི་ ས་ཆ་ཚུ་ ཆུའི་འོག་ལུ་ ཐིམ་ཉེན་ཡོད་མི་ཚུ་གིས་ འགྲོ་བ་མིའི་ འཚོ་ཐབས་ལུ་ ཉེན་ཁ་ཅན་སྦོམ་ར་ ཡོདཔ་སྦེ་ཨིན་པས།
འབྲུག་གི་གནས་སྟངས་ནང་ ས་ཆ་བརྒྱ་ཆ་༧༠ ལྷགཔ་ཅིག་ ནགས་ཚལ་གྱིས་ཁྱབ་སྟེ་ཡོདཔ་ཨིན་རུང་ གོང་འཕེལ་གྱི་ལཱ་ཚུ་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་དོ་ཡོད་པའི་ཁར་ ལོ་བསྟར་བཞིན་དུ་ འཁོར་ལམ་མཐུད་སྦྲེལ་རྒྱ་བསྐྱེད་འགྱོ་བའི་ཁར་ སྣུམ་འཁོར་གྱི་གྱངས་ཁ་དང་ ས་སྣུམ་ལག་ལེན་གྱི་གནས་སྟངས་ལུ་ ཐདམ་ཐད་ཁར་ ཡར་སེང་འགྱོ་དོ་ཡོདཔ་ཨིན་པས།
ད་རེས་ གནས་སྐབས་ཅིག་ འབྲུག་གི་མཐའ་འཁོར་གནས་སྟངས་དེ་ རྒྱལ་ཁབ་གཞན་དང་ཕྱདཔ་ད་ དྲག་ཤོས་ཅིག་ཨིན་རུང་ གོང་འཕེལ་དང་འབྲེལ་བའི་ འགྱུར་བ་རྒྱ་ཆེ་དྲགས་སྦེ་ འགྱོ་དོ་ཡོད་མི་དང་བསྟུན་ རང་བཞིན་མཐའ་འཁོར་སྲུང་སྐྱོབ་ཀྱི་དོན་ལུ་ ལམ་ལུགས་དང་ ལག་ལེན་གནས་སྟངས་ཚུ་ཡང་ རྒྱ་བསྐྱེད་གཏང་དགོཔ་ཡོདཔ་ཨིན་པས།
དེ་ཡང་ འབྲུག་གིས་ དཔེ་འབད་བ་ཅིན་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ ལོ་བསྟར་སྙན་ཞུ་དང་འཁྲིལཝ་ད་ ལོ་བསྟར་བཞིན་དུ་ སྣུམ་འཁོར་གྱི་གྱངས་ཁ་དེ་ སྟོང་ཕྲག་ལས་བཅད་དེ་ ཡར་སེང་འགྱོ་དོ་ཡོད་པའི་ གསལ་སྟོན་འབད་མི་དེ་ཡང་ སྤྱི་ལོ་༢༠༠༩ ལུ་ ཧེ་མའི་ ལོ་དང་ཕྱདཔ་ད་ སྣུམ་འཁོར་༥,༡༦༠ ཡར་སེང་སོང་ཡོདཔ་ཨིན་པས།
དེ་མ་ཚད་ སྤྱི་ལོ་༢༠༡༠ ལུ་ སྣུམ་འཁོར་༧,༤༦༣ ཡར་སེང་སོང་ཡོདཔ་མ་ཚད་ ལྷག་པར་དུ་ སྤྱི་ལོ་༢༠༡༡ ལུ་ སྣུམ་འཁོར་གྱི་གྱངས་ཁ་༩,༤༤༢ ཡར་སེང་སོང་ཡོད་མི་བལྟ་བ་ཅིན་ བཙོག་རླུང་གི་གནས་སྟངས་དེ་ཡང་ རང་བཞིན་གྱིས་ ཡར་སེང་འགྱོ་དོ་ཡོད་པའི་ གསལ་སྟོན་འབདཝ་ཨིན་པས།
དེ་བཟུམ་སྦེ་ ས་སྣུམ་གྱི་ལག་ལེན་ཡང་ བསྟན་རྒྱས་ལྷན་ཁག་གི་ ཐོ་བཀོད་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༠ ལུ་ པེ་ཊཱོལ་ཀི་ལོ་ལི་ཊར་༢༣,༤༢༢.༥༠ དང་ ཌི་ཟིལ་ཀི་ལོ་ལི་ཊར་༨༥,༦༢༠ ལག་ལེན་འཐབ་ཡོད་པའི་ཁར་ ས་མར་ཁུ་ ཀི་ལོ་ལི་ཊར་༥,༥༤༠ ལག་ལེན་འཐབ་མི་དང་ཕྱདཔ་ད་ སྤྱི་ལོ་༢༠༡༡ ལུ་ པེ་ཊཱོལ་གྱི་ལག་ལེན་དེ་ ཀི་ལོ་ལི་ཊར་༣༣༣༨.༦ དེ་ཅིག་ ཡར་སེང་ཐོག་ ཀི་ལོ་ལི་ཊར་༢༦,༧༦༡.༡༠ དང་ བཙོག་རླུང་རྒྱ་ཆེ་དྲགས་བྱུང་མི་ ཌི་ཟིལ་གྱི་ལག་ལེན་དེ་ ལྷག་པར་དུ་ ཡར་སེང་ཐོག་ ཀི་ལོ་ལི་ཊར་༡༠༣,༦༡༠.༩༠ ལུ་ ཡར་སེང་སོང་ཡོད་མི་དེ་ ཧེ་མའི་ལོ་དང་ཕྱདཔ་ད་ ཀི་ལོ་ལི་ཊར་༡༧,༩༩༠.༩༠ ཡར་སེང་སོང་ནུག།
ས་མར་ཁུའི་ ལག་ལེན་དེ་ སྤྱི་ལོ་༢༠༡༠ དང་ཕྱདཔ་ད་ སྤྱི་ལོ་༢༠༡༡ ལུ་ ཀི་ལོ་ལི་ཊར་༡༠༠ དེ་ཅིག་ ཡར་སེང་ཐོག་ ལག་ལེན་འཐབ་ནུག།
དེ་བཟུམ་མའི་ གོང་འཕེལ་དང་འབྲེལ་བའི་འགྱུར་བ་གིས་ སྣུམ་འཁོར་ལམ་གྱི་ མཐུད་སྦྲེལ་ཡར་སེང་དང་བསྟུན་ ནགས་ཚལ་མར་ཉམས་ལུ་ ལྷན་ཐབས་འབད་དོ་ཡོད་པའི་ཁར་ དེ་གིས་ བཙོག་རླུང་ལེན་མི་ ཤིང་གི་གྱངས་ཁ་ལུ་ མར་ཕབ་རྐྱབ་ཨིན་ཟེར་ རང་བཞིན་ཉམས་སྲུང་མཁས་མཆོག་ཚུ་གིས་ བཀོདཔ་ཨིན་པས།
དེ་བཟུམ་སྦེ་ བཙོག་རླུང་གིས་ ཚ་དྲོད་ཡར་སེང་འབད་མི་དེ་ཡང་ ཉིམ་དང་ས་དྲོད་ཚུ་ བཙོག་རླུང་གིས་ འཛམ་གླིང་ཕྱི་ལས་བསྐོར་ཏེ་ བཀབ་བཞག་ཞིནམ་ལས་ དྲོད་ཕྱི་ཁར་ ཐོན་འགྱོ་ས་མེདཔ་ བཟོ་དོ་ཡོད་པའི་ཁར་ བཙོག་རླུང་ཡར་སེང་འབད་བའི་བསྒང་ལས་ བཙོག་རླུང་གིས་མ་ཁྱབ་པར་ དྲོད་ཐོན་འགྱོ་ས་ཡོད་མི་ཚུ་ཡང་ མེདཔ་བཟོ་དོ་ཡོདཔ་ལས་ དྲོད་ཚད་ཡར་སེང་འབདཝ་ཨིན་ཟེར་ གནམ་གཤིས་མཁས་མཆོག་ཚུ་གིས་ བཤདཔ་ཨིན་པས།
དེ་འབད་ནི་དེ་གིས་ ཌཱ་རཱ་གི་ སྙན་ཞུ་དང་འཁྲིལཝ་ད་ གནམ་གཤིས་ཀྱི་འགྱུར་བ་དང་ བཙོག་རླུང་ལུ་བརྟེན་ ནད་གཞི་འདྲ་མིན་དང་ དབུལ་ཕོངས་ཀྱི་དཀའ་ངལ་ཚུ་ལུ་བརྟེན་ ལོ་བསྟར་བཞིན་དུ་ འཛམ་གླིང་ནང་ མི་ས་ཡ་༥ རེ་ལུ་ ཤི་རྐྱེན་བྱུང་དོ་ཡོདཔ་ཨིན་པས།
དེ་མ་ཚད་ ད་རེས་ འཛམ་གླིང་ནང་ ས་སྣུམ་ལག་ལེན་གྱི་ གནས་སྟངས་ལུ་ ཚད་འཛིན་འབད་མ་ཚུགས་པ་ཅིན་ སྤྱི་ལོ་༢༠༣༠ ལས་ཚུར་ བཙོག་རླུང་ལུ་བརྟེན་ ལོ་བསྟར་བཞིན་དུ་ འཛམ་གླིང་ནང་ མི་གྲངས་ས་ཡ་༦ དེ་ཅིག་ལུ་ ཤི་རྐྱེན་འབྱུང་ནིའི་ ཉེན་ཁ་ཡོད་ཟེར་ཨིན་པའི་གནས་ཚུལ།


བསམ་གཏན་ཡེ་ཤེས།

No comments:

Post a Comment