གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་ཕུན་སུམ་ཚོགས་པའི་ ཁས་བླངས་འགྲུབ་ཚུགསཔ་འབད་ནི།

༢༣/༡/༢༠༡༢    ༉ གསོ་བའི་འགོ་དཔོན་ཚུ་གིས་ རྫོང་ཁག་སྨན་ཁང་རེའི་ནང་ ཌོག་ཊར་༣ དེ་རེ་ དགོཔ་མེད་པའི་ཁར་ དམིགས་ཡུལ་འགྲུབ་ཚུགས་པར་ ལཱ་ཁག་འོང་ཟེར་ སླབ་ཨིན་རུང་ གསོ་བའི་བློན་པོ་ བཟང་ལེགས་འབྲུག་པ་གིས་འབད་བ་ཅིན་ སང་ཕོད་ འབྲུག་ཕུན་སུམ་ཚོགས་པའི་ གནས་ཡུན་ཚངམ་ད་ ཧེ་མར་ བསྐུལ་བསྒྲགས་སྐབས་ ཁས་བླངས་འབད་མི་དེ་ འགྲུབ་ཚུགས་འོང་ཟེར་ཨིན་པས།


གསོ་བའི་བློན་པོ་གིས་འབད་བ་ཅིན་ ཌོག་ཊར་༣ རེ་ཡོདཔ་བཟོ་ནི་གི་ དམིགས་ཡུལ་དེ་ སང་ཕོད་སྤྱི་ཟླ་དང་པའི་ནང་ འགྲུབ་ཐབས་འབད་ནི་གི་ འཆར་གཞི་ཡོད་མི་དེ་ཡང་ གསོ་བའི་ལྷན་ཁག་གིས་ ཌོག་ཊར་ཚུ་ ཀིའུ་བཱ་རྒྱལ་ཁབ་ལས་ ལེན་ནི་ཟེར་ཨིན་པས།
དུས་ཅི་ སྤྱི་ཟླ་༦ པའི་ནང་ འབྲུག་ལུ་ ཀིའུ་བཱའི་གཞུང་ཚབ་ ཨཱལ་བར་ཌོ་ ལུ་ཊོ་སོ་སཱན་དེ་ རྒྱལ་ཁབ་ནང་ ལྟ་སྐོར་ལུ་འོངམ་ད་ འབྲུག་གིས་ ཀིའུ་བཱ་ལས་ ཌོག་ཊར་མཁས་མཆོག་༢༠ དགོཔ་སྦེ་ ཞུ་བ་འབད་ཡོདཔ་ད་ གཞུང་ཚབ་ཀྱིས་ ཞུ་བ་འབད་མི་ ཌོག་ཊར་ཚུ་ ག་དེ་མགྱོགས་མགྱོགས་ གཏང་ཚུགསཔ་འབད་ནིའི་དོན་ལུ་ འབྲེལ་ཡོད་དབང་འཛིན་ལུ་ ཨུ་ཚུགས་རྐྱབ་ནི་གི་ ཁས་ལེན་འབད་ཡོདཔ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པ་གིས་ ཁོང་གི་ གཞུང་སྐྱོང་གནས་ཡུན་དེ་ སང་ཕོད་ཚངམ་ད་ རྫོང་ཁག་སྨན་ཁང་རེའི་ནང་ སྤྱིར་བཏང་དྲུང་འཚོ་ཅིག་དང་ མོ་ནད་མཁས་མཆོག་ཅིག་རྩིས་ཏེ་ དྲུང་འཚོ་མཁས་མཆོག་༢ ཡོདཔ་བཟོ་ནི་གི་ ཁས་བླངས་འབད་ཡོདཔ་ཨིན་པས།
ད་རེས་ནངས་པ་ འབྲུག་ལུ་ མ་ཡཱན་མར་ལས་ ཕྱི་མི་དྲུང་འཚོ་༤ རྩིས་ཏེ་ མོ་ནད་མཁས་མཆོག་༡༡ ཡོདཔ་ད་ མ་ཡཱན་མར་གྱི་ ཌོག་ཊར་༣ གྱི་ ཁག་འབག་གནས་ཡུན་དེ་ སྤྱི་ཟླ་༢ པའི་ནང་ ཚང་དོ་ཡོདཔ་ལས་ གནས་ཡུན་ཡར་སེང་འབད་ཐབས་མེདཔ་མ་ཚད་ འཕྲལ་ཁམས་ཅིག་ཁར་ པདྨ་དགའ་ཚལ་སྨན་ཁང་ནང་ མོ་ནང་མཁས་མཆོག་ཅིག་ བཏང་མི་དེ་གིས་ཡང་ གཟུགས་ཁམས་འཕྲོད་བསྟེན་གྱི་ རྒྱུ་མཚན་བཀོད་ཐོག་ལས་ གནས་སོར་གྱི་ ཞུ་ཡིག་བཙུགས་ཏེ་ཡོདཔ་ཨིན་པས།
བློན་པོ་བཟང་ལེགས་འབྲུག་པ་གིས་འབད་བ་ཅིན་ ད་ལྟོ་ ཌོག་ཊར་རེ་རེ་ཡོད་མི་ སྨན་ཁང་༤ དང་༥ དེ་ཅིག་ལས་བརྒལ་མེདཔ་ཨིན་རུང་ རྫོང་ཁག་སྨན་ཁང་༡༡ དེ་ཅིག་ལུ་ ཌོག་ཊར་༣ ལྷགཔ་རེ་ཡོད་ཟེར་ཨིན་པས།
མ་གཞི་ ཨེམ་བི་བི་ཨེསི་ཌོག་ཊར་གྱི་ སློབ་སྦྱོང་མཇུག་བསྡུཝ་ད་ ལོ་༥ འགོར་དོ་ཡོདཔ་ཨིད་རུང་ འབྲུག་ཕུན་སུམ་ཚོགས་པ་གིས་ གནས་ཡུན་ལོ་ངོ་༥ གི་ནང་ རྫོང་ཁག་སྨན་ཁང་རེ་རེ་ནང་ ཌོག་ཊར་རེ་མིན་པར་ མོ་ནད་མཁས་མཆོག་རྩིས་ཏེ་ ཌོག་ཊར་༣ རེ་ བཙུགས་ཐོག་ལས་ ཨ་ལུ་ཨའི་གི་ ཤི་རྐྱེན་ཚད་གཞི་ མར་ཕབ་འབད་ནི་གི་ ཁས་བླངས་འབད་ནུག།
གལ་སྲིད་ ཁས་བླངས་འབད་དོ་བཟུམ་ སྨན་ཁང་རེ་ནང་ ཌོག་ཊར་༣ རེ་བཞག་ཚུགས་པ་ཅིན་ རྒྱལ་ཁབ་ནང་བསྡོམས་ཀྱིས་ ཌོག་ཊར་༡༨༡ དང་ སྨན་ཁང་༣༡ འོང་ནི་ཨིན་པས།
དེ་འབདཝ་ད་ སྡེ་ཚན་དང་པའི་ སྨན་ཁང་འབྲིང་མ་ཚུ་ལུ་ཡང་ ཌོག་ཊར་རེ་འོང་དགོཔ་མ་ཚད་ ད་རེས་ནངས་པ་ ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་རྐྱངམ་གཅིག་གི་ནང་ར་ རྒྱལ་ཁབ་ནང་གི་ ཌོག་ཊར་ཡོངས་བསྡོམས་ལས་ བརྒྱ་ཆ་༥༠ དེ་ཅིག་གི་ རྩིས་ཡོདཔ་ཨིན་པས།
ཁས་བླངས་འབད་མི་དེ་ ག་དེ་དྲག་དྲག་ འགྲུབ་ཐབས་ལུ་ བརྩོན་པའི་བསྒང་ཡོད་རུང་ གནད་དོན་ལ་ལུ་ཅིག་ནང་ བསྒྱུར་བཅོས་འགྱོ་དོ་ཡོདཔ་ད་ དེ་ཡང་ དཔེ་འབད་བ་ཅིན་ མོ་ནད་མཁས་མཆོག་གི་ ཁས་ལེན་འབད་མིའི་ཐད་ལུ་ རྫོང་ཁག་སྨན་ཁང་ཆ་མཉམ་ནང་ མོ་ནད་དང་འབྲེལ་བའི་ ཞབས་ཏོག་ཚུ་ ཡར་སེང་སོང་ཡོད་རུང་ མོ་ནད་མཁས་མཆོག་ལངམ་སྦེ་ ཐོབ་མི་ཚུགས་ནི་བཟུམ་ཅིག་འདུག་ཟེར་ གསོ་བའི་བློན་པོ་གིས་ བཤདཔ་ཨིན་པས།
ད་རེས་ནངས་པ་ གསོ་བའི་ལྷན་ཁག་གིས་ མོ་ནད་མཁས་མཆོག་ལངམ་མེད་མི་ལུ་བརྟེན་ མོ་ནད་དང་འབྲེལ་བའི་ ཞབས་ཏོག་ཚུ་ མཁོ་སྤྲོད་འབད་ནིའི་དོན་ལུ་ ཌོག་ཊར་ཚུ་ སྨན་ཁང་དང་ རྫོང་ཁག་གཞན་ཚུ་ནང་ ལྟ་སྐོར་ལུ་ བཏང་དོ་ཡོདཔ་ཨིན་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment