གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ད་རིས་ལས་ དོན་བརྒྱུད་དཔལ་ལྡན་འབྲུག་པའི་ ལོ་འཁོར་ཚོགས་ཆེན་ འགོ་བཙུགས་ནི།

༢༧/༡༠/༢༠༡༢   ༉ ལོ་བསྟར་ དོན་བརྒྱུད་དཔལ་ལྡན་འབྲུག་པའི་ ལོ་འཁོར་ཚོགས་ཆེན་ཐེངས་༤ པ་དེ་ དུས་ཅི་ རྒྱ་གར་གྱི་མངའ་སྡེ་ ལ་དྭགས་ལུ་ཡོད་པའི་ ཧེ་མེསི་དགོན་པ་ལུ་སྦེ་ ད་རིས་ལས་ འཚོགས་ནི་ཨིནམ་ལས་ རྒྱལ་ཁབ་ཁག་ལས་ བཅའ་མར་གཏོགས་མི་ཚུ་ ལྷོད་ཡོདཔ་ཨིན་པས།
ལ་དྭགས་ཀྱི་ ཧེ་མེསི་དགོན་པ།
ཤིང་ལྕངམ་༡༠༠,༠༠༠ འཛུགས་སྐྱོང་འབད་ནི་ཨིན་མི་ ཏུང་ཀ་ལ་ཏོག་ཐང་།


དེ་དང་འཁྲིལ་ ཧེ་མེསི་དགོན་པའི་ དགེ་སློང་ཚུ་གིས་ ལྷ་ཁང་གི་ སྒོ་སྒྲིག་ཚུ་ལས་ཕར་ སྨན་རྩི་དར་དཔྱང་ནི་དང་ གཞན་མི་ བཅའ་སྒྲིག་ཚུ་ རྒྱས་ཤིང་རྒྱསཔ་སྦེ་ རྐྱབ་ཡོདཔ་ཨིན་པས།
ཧེ་མེསི་དགོན་པ་དེ་ ལ་དྭགས་ཀྱི་གནམ་ཐང་ལས་ སྣུམ་འཁོར་ནང་ དུས་ཡུན་ཆུ་ཚོད་༡ དེ་ཅིག་གི་རིང་ འགྱོ་དགོཔ་ཨིན་པས།
མ་གཞི་ ཚོགས་ཆེན་འགོ་འདྲེན་འཐབ་སའི་ ས་གོ་སྦོམ་ཅིག་ བཟོ་བཀོད་འབད་ཚར་ཡོདཔ་ཨིན་རུང་ དེ་ནང་ གློག་མེ་བཙུགས་ནི་དང་འབྲེལ་བའི་ ནང་ནའི་ལཱ་ཚུ་ འབད་བའི་བསྒང་ ཡོདཔ་བཞིན་དུ་ ས་གནས་དེ་ནང་ གྱང་ཤུགས་ཆེ་དྲགས་ཡོད་རུང་ དྲོ་པ་ཧ་སག་ལས་ དགེ་སློང་ཚུ་དང་ གཞན་མི་གཡུས་མི་ཚུ་ ལཱ་འབད་སར་མཐོངམ་ཨིན་པས།
དགེ་སློང་ཚུ་གིས་ ཤིང་ཆས་ཚུ་ འབག་འགྱོ་སར་མཐོངམ་མ་ཚད་ གཡུས་མི་ཚུ་གིས་ སའི་སྤག་ཅུང་ཚུ་བརྩིགས་ཏེ་ ས་ཁོངས་དེ་ བྱ་ཆི་ཆི་སྦེ་ བཟོ་ཡོདཔ་ཨིན་མས།
འབྲུག་ལས་ དོན་བརྒྱུན་དཔལ་ལྡན་འབྲུག་པའི་ ལོ་འཁོར་ཚོགས་ཆེན་གྱི་ འགོ་འདྲེན་ནང་ གྲོགས་རམ་འབད་མི་ ཁམས་སྤྲུལ་རིན་པོ་ཆེའི་ཡིག་ཚང་གི་ འཛིན་སྐྱོང་འགོ་དཔོན་ ཚེ་རིང་བཀྲིས་ཀྱིས་འབད་བ་ཅིན་ ཚོགས་ཆེན་གྱིས་མ་བརྩི་བར་ གཞན་ཡང་ ཆོས་བཤད་དང་ སྤྲོ་སྟོན་ལས་རིམ་ཚུ་ འགོ་འདྲེན་འཐབ་ནི་ཨིན་ཟེར་ཨིན་པས།
ལོ་འཁོར་ཚོགས་ཆེན་གྱི་ཁྲི་འཛིན་ ཁམས་སྤྲུལ་རིན་པོ་ཆེ་མཆོག་གིས་ སྤྱི་ཟླ་༡༠ པའི་ཚེས་༢༤ ལུ་ བརྡ་བརྒྱུདཔ་ཚུ་དང་ ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ དུས་ཅི་གི་ ཚོགས་ཆེན་སྐབས་ལུ་ འབྲུག་པ་བཀའ་བརྒྱུད་ཀྱི་བླམ་༥༠ གྱིས་གཙོས་པའི་ གཞན་མི་གྲངས་༤༠,༠༠༠ དེ་ཅིག་གིས་ བཅའ་མར་གཏོགས་འོང་ཟེར་གསུངས་ཡི།
ཁོང་གིས་བཤད་མིའི་ནང་ ན་ཧིང་ ལོ་བསྟར་ཚོགས་ཆེན་ཐེངས་༣ པ་དེ་ཡང་ ལ་དྭགས་ཀྱི་ས་གནས་ ཤེས་ལུ་ ས་ཆ་ཨེ་ཀར་༣༠༠ དེ་ཅིག་ནང་ འཚོགས་པའི་སྐབས་ མི་གྲངས་༡༠,༠༠༠ དེ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ཨིན་རུང་ དུས་ཅི་ དགོན་པའི་ས་ཁོངས་ཆུང་མི་དང་ གནམ་གཤིས་གནས་སྟངས་ བསིལ་དྲགས་ཡོད་མི་ལུ་བརྟེན་ བཅའ་མར་གཏོགས་མི་ ཉུང་སུ་ཅིག་ལས་ མི་ཐོནམ་འོང་ཟེར་ཨིན་པས།
དུས་ཅི་གི་འཚོགས་ཆེན་དེ་ དུས་ཚོད་འ་ནེམ་ཅིག་ཁར་ གྱང་ཤུགས་ཆེ་བའི་སྐབས་ ག་ཅི་སྦེ་ འགོ་འདྲེན་འཐབ་དགོཔ་ཨིན་ནའི་སྐོར་ལས་ དྲི་བཀོད་འབདཝ་ད་ ཁམས་སྤྲུལ་རིན་པོ་ཆེ་གིས་ གསུངས་མིའི་ནང་ ད་རེས་ཀྱི་ ཚོགས་ཆེན་སྐབས་ལུ་ ཤིང་གི་ལྕངམ་༡༠༠,༠༠༠ འཛུགས་སྐྱོང་འབད་ནི་ཨིནམ་བཞིན་དུ་ ས་གནས་ནང་ ཤིང་བཙུགས་ནིའི་ དུས་ཚོད་དང་འཁྲིལ་ཏེ་ ཨིན་ཟེར་ཨིན་པས།
དུས་ཅི་གི་ ཚོགས་ཆེན་སྐབས་ རྒྱལ་དབང་འབྲུག་པ་རིན་པོ་ཆེ་མཆོག་གིས་གཙོས་པའི་ ལ་དྭགས་ཀྱི་མི་ཚུ་གིས་ རང་བཞིན་སྲུང་སྐྱོབ་ཀྱི་དོན་ལུ་ བརྩོན་ཤུགས་བསྐྱེད་ནིའི་ དམིགས་དོན་ཐོག་ ཤིང་གི་ལྕངམ་༡༠༠,༠༠༠ བཙུགས་ནི་གི་ ལས་རིམ་ཡོད་མི་དང་འཁྲིལ་ ན་ཧིང་ ཉིནམ་༡ ནང་ ཤིང་གི་ལྕངམ་༥༠,༠༠༠ བཙུགས་ཐོག་ལས་ འཛམ་གླིང་ནང་ ཤིང་གི་ལྕངམ་མཐོ་ཤོས་བཙུགས་ཡོད་པའི་ ཐོ་བཀོད་གྲུབ་ཡོད་མི་དེ་ ཆ་མེད་གཏང་ཐོག་ལས་ ཐོ་བཀོད་གསརཔ་འབད་ནི་ཨིན་པས།
དེ་བཟུམ་སྦེ་ འབྲུག་གི་ ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་མཆོག་ ད་རིས་ ལ་དྭགས་ལུ་ ལྷོད་ནི་དང་ གཞན་ཡང་ འབྲུག་པའི་ གློག་བརྙན་འཁྲབ་རྩེདཔ་ དག་པ་ཅིག་ཡང་ འོང་ནི་ཨིན་པས།
དོན་བརྒྱུད་དཔལ་ལྡན་འབྲུག་པའི་ ལོ་འཁོར་ཚོགས་ཆེན་ཐེངས་༤ པ་དེ་ རྒྱལ་དབང་འབྲུག་པ་རིན་པོ་ཆེ་མཆོག་གིས་ དབུ་བཞུགས་ཐོག་ལས་ ཁ་ཙ་ འབྲུག་པ་བཀའ་བརྒྱུད་ཀྱི་ དབུ་འཁྲིདཔ་ཚུ་གི་ ལོ་བསྟར་ཞལ་འཛོམས་ འགོ་བཙུགས་ཡོདཔ་ཨིན།
ལོ་འཁོར་ཚོགས་ཆེན་དེ་ སྤྱི་ཟླ་༡༡ པའི་ཚེས་༢ ལུ་ མར་མེ་འབུམ་ཕུལ་ཐོག་ལས་ མཇུག་བསྡུ་ནི་ཨིན་པས།
སྤྱི་ཟླ་༡༠ པའི་ཚེས་༢༣ ལུ་ ཧེ་མེསི་དགོན་པ་ལུ་ལྷོད་མི་ འབྲུག་པའི་ དགེ་སློང་དང་ སློབ་དཔོན་ཞལ་གྲངས་༥༠ དེ་ཅིག་དང་ གཞན་ཡང་ ད་ལྟོ་ ས་གནས་ནང་ལྷོད་དེ་ཡོད་མི་ བཅའ་མར་གཏོགས་མི་ཚུ་གིས་ གནས་རྩ་ཅན་ཚུ་ མཇལ་ཡོདཔ་ཨིན་པའི་གནས་ཚུལ།


ཉི་མ་དབང་འདུས།

No comments:

Post a Comment