གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚེམ་སློབ་སྦྱོང་གིས་ འཚོ་སྐྱོང་ལུ་ ལྷན་ཐབས་འབད་ཚུགས་པའི་རེ་བ།

༢༢/༡༠/༢༠༡༢   བློན་ཆེན་གྱི་ འདེམས་ཁོངས་གོང་འཕེལ་མ་དངུལ་གྱི་ཐོག་ལས་ གཞི་བཙུགས་འབད་མི་ ལྟེ་བ་དེ་ ལག་ལེན་ཧྲིལ་བུ་མེད་པར་ལུས་ཡོདཔ།
 


༉ ན་ཧིང་ སྐྱེས་ལོ་༡༤ ལང་མི་ སངས་རྒྱས་བཟང་མོ་དེ་ སློབ་རིམ་༧ པ་ལས་ཐོན་ཏེ་ མོ་གི་ཁྱིམ་ནང་ ཨའི་ལུ་ ཆ་རོགས་འབད་མི་སྦེ་ སྡོད་ཡོདཔ་ཨིན་པས།
སངས་རྒྱས་བཟང་མོ་གིས་ སླབ་མིའི་ནང་ ཁྱིམ་ནང་ལཱ་འབད་མི་ ཨའི་མ་གཏོགས་ གཞན་ག་ཡང་མེདཔ་ལས་ མོ་ ཤེས་ཡོན་འཕྲོ་མཐུད་དེ་ ལྷབ་མ་ཚུགས་ཟེར་ཨིནམ་ད་ མོ་གི་ནུ་གཅུང་༢ དང་ ནུམོ་༡ ཡོད་མི་དེ་ཡང་ པདྨ་དགའ་ཚལ་ཤུ་མར་སློབ་གྲྭ་ཆུང་བའི་ནང་ དཔེ་ཆ་ལྷབ་དོ་ཡོདཔ་ཨིན་པས།


སངས་རྒྱས་བཟང་མོ་གིས་ ཚེམ་རྐྱབ་ཐངས་ཀྱི་ སྦྱོང་བརྡར་འབད་བའི་བསྒང་།

མོ་གིས་འབད་བ་ཅིན་ མོ་ར་ ཨའི་གི་མངལ་ནང་སྡོདཔ་ད་ ཨ་པ་གིས་ ཨའི་བཀོག་བཞག་སྟེ་ གཞན་ཁར་ཡར་སོ་ནུག་ཟེར་ཨིནམ་ད་ མོ་སྐྱེས་བའི་ཤུལ་ལུ་ ཨའི་གིས་ ཨ་ཁུ་འཚོལ་ཏེ་ སྤུན་ཆ་གསུམ་སྐྱེས་ཡོད་རུང་ ཤུལ་ལས་ ཨ་ཁུ་དེ་ གྱོངས་སོ་ནུག་ཟེར་ཨིན་པས།
མོ་གི་ཨའི་ལུ་ འོང་འབབ་ཟེར་རུང་ ལོ་༡ ནང་ ཚལ་ལུ་བཙོང་སྟེ་ དངུལ་ཀྲམ་༨,༠༠༠ དེ་ཅིག་ ཐོབ་མི་དེ་ སློབ་ཡུན་འགོ་བཙུགསཔ་ད་ ཨ་ལུ་ཚུ་གི་ སློབ་གྲྭའི་སྒྲིག་གོ་དང་ ཡིག་འབྲི་མཁོ་ཆས་ཚུ་ ཉོ་དགོཔ་ལས་ ལོ་འགོ་བཙུགསཔ་ད་ར་ རྫོགསཔ་ཨིན་ཟེར་ མོ་གིས་ སླབ་ཨིན་པས།
མོ་གིས་ ང་བཅས་ཨ་ལུ་ཚུ་གི་ སློབ་གྲྭའི་ཟད་འགྲོ་ཚུ་ལུ་ ལྷན་ཐབས་འབད་ནིའི་དོན་ལུ་ གཞན་གྱི་ས་ཞིང་ཚུ་ནང་ ལཱ་འབད་ཡོད་རུང་ དེ་གིས་ཡང་ ལང་མ་ཚུགས་པར་ འཚོ་སྐྱོང་འཐབ་ནི་ལུ་ ལཱ་ཁག་བྱུང་ཡི་ཟེར་ སངས་རྒྱས་བཟང་མོ་གིས་ བཤདཔ་ཨིན་པས།
ཨིན་རུང་ སངས་རྒྱས་བཟང་མོ་གིས་ ལྟོ་ཕོགས་དང་གཅིག་ཁར་ ཚེམ་རྐྱབ་ཐངས་ཀྱི་ སྦྱོང་བརྡར་ཅིག་ ཤུ་མར་རྒེད་འོག་ནང་ བྱིན་དོ་ཡོད་པའི་ ལོ་རྒྱུས་གོཝ་ཅིག་ མོ་གིས་ སྦྱོང་བརྡར་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ ཐོ་བཀོད་འབད་དེ་ དུས་ཅིའི་ལོ་འགོ་བཙུགསཔ་ད་ འཛུལ་ཞུགས་འབད་ཡོདཔ་ཨིན་པས།
མོ་གིས་ གྲོང་གསེབ་འབབ་ཁུངས་ཐོན་སྐྱེད་ལྟེ་བའི་ནང་ ཚེམ་རྐྱབ་ཐངས་ཀྱི་ སྦྱོང་བརྡར་པ་སྦེ་ འཛུལ་ཞུགས་འབད་ཞིནམ་ལས་ཚུར་ ཟླ་རིམ་ལྟོ་ཕོགས་ དངུལ་ཀྲམ་༣,༠༠༠ ཐོབ་མི་ལས་ དངུལ་ཀྲམ་༢,༠༠༠ རྒྱགས་སྐལ་གྱི་དོན་ལུ་ སྤྲོདཔ་མ་ཚད་ མོ་རའི་ཟད་འགྲོ་སྦེ་ དངུལ་ཀྲམ་༢༠༠ བཞག་སྟེ་ ལྷག་ལུས་དེ་ མོ་རའི་ཨའི་ལུ་ སྤྲོདཔ་ཨིན་པས།
ད་རིས་འབདཝ་ད་ ང་གིས་ ཨའི་ལུ་ དངུལ་འབྲེལ་ཐོག་ལས་ ཆ་རོགས་འབད་ཚུགསཔ་ལས་ སེམས་དགའཝ་མས་ཟེར་ སངས་རྒྱས་བཟང་མོ་གིས་ སླབ་པའི་ཁར་ མོ་ སློབ་གྲྭ་དེ་ནང་ར་ སྡོད་ཡོད་པ་ཅིན་ ཆ་རོགས་འབད་མ་ཚུགསཔ་འོང་ཟེར་ སླབ་ཨིན་པས།
མོ་གིས་ ཚེམ་གྱི་སྦྱོང་བརྡར་མཇུག་བསྡུ་བའི་ཤུལ་ལུ་ ཆ་རོགས་༡དང བསྡོམས་ཞིནམ་ལས་ པདྨ་དགའ་ཚལ་ལུ་ ཚེམ་ཁང་ཅིག་ སྒོ་ཕྱེ་ནི་གི་ མནོ་བསམ་ཡོདཔ་ད་ ཚོང་འབྲེལ་དེ་གི་ཐོག་ལས་ མོ་གི་ སྤུན་ཆ་ཚུ་ལུ་ ཤེས་ཡོན་བྱིན་ནི་གི་ རེ་བ་ཡོད་ཟེར་ སླབ་ཨིན་པས།
གྲོང་གསེབ་ལྟེ་བའི་ནང་ ཚེམ་རྐྱབ་ཐངས་ཀྱི་ སློབ་སྦྱོང་འབད་མི་ སངས་རྒྱས་བཟང་མོ་དང་གཅིག་ཁར་ ཤུ་མར་དང་ ན་ནོང་ བཟོ་སྦལ་རྒེད་འོག་ཚུ་ནང་ལས་ ཨམ་སྲུ་༨ དང་ ཕོ་སྐྱེས་ཅིག་ཡོདཔ་ཨིན་པས།
རྩིག་ཁྱིམ་གཉིས་ཡོད་མི་ ལྟེ་བ་དེ་ བློན་ཆེན་འཇིགས་མེད་འོད་ཟེར་མཆོག་གི་ འདེམས་ཁོངས་གོང་འཕེལ་མ་དངུལ་ལས་ དངུལ་ཀྲམ་ས་ཡ་༢ ཟད་འགྲོ་བཏང་སྟེ་ གཞི་བཙུགས་འབད་ཡོདཔ་ཨིན་པས།
ལྟེ་བ་དེ་ སྤྱི་ལོ་༢༠༡༡ ཟླཝ་༢ པའི་ནང་ སྒོ་འབྱེད་འབད་བའི་ཤུལ་ལུ་ རྒེད་འོག་གསུམ་ལས་ ཨམ་སྲུ་༡༢ ཀྱིས་ རྒྱ་གར་ཨ་སམ་དང་ ཤར་ལྷོ་ཨེ་ཤི་ཡ་ལུ་ ལག་ལེན་འཐབ་མི་ ཐགས་ཤིང་ཚུ་ ལག་ལེན་འཐབ་ཐོག་ལས་ ཐགས་འཐག་ནི་གི་ སྦྱོང་བརྡར་ནང་ ཐོ་བཀོད་འབད་ཡོདཔ་ཨིན་པས།
ཨིན་རུང་ ཐགས་ལས་ལྟེ་བ་སྒོ་འབྱེད་འབད་དེ་ བདུན་ཕྲག་༦ ཡང་མ་ལངམ་ལས་ མ་དངུལ་མེད་མི་ལུ་བརྟེན་ ཨམ་སྲུ་སྦྱོང་བརྡར་པ་ཚུ་ ལྟེ་བ་ནང་ལས་ ཐོན་འགྱོ་ནི་ འགོ་བཙུགས་ཡོདཔ་ལས་ ཐགས་ཤིང་ལ་ལུ་ཅིག་ ལག་ལེན་མེད་པར་ དེ་སྦེ་ར་ ལུས་སོཔ་ཨིན་པས།
དེ་འབདཝ་ལས་ ལྟེ་བ་དེ་ ཧ་ལམ་ལོ་༡ སྒོ་བསྡམས་བཞག་དགོཔ་ བྱུང་པའི་ཤུལ་ལུ་ དུས་ཅི་ སྤྱི་ཟླ་༢ པའི་ནང་ ལྟེ་བ་དེ་གི་ ཁྱིམ་ཅིག་ནང་ ཚེམ་གྱི་སྦྱོང་བརྡར་ཅིག་ འགོ་བཙུགས་ཡོད་རུང་ ཁྱིམ་གཞན་དེ་ སྒོ་བསྡམས་ཏེ་ར་ བཞག་ཡོདཔ་ཨིན་པས།
ཚེམ་རྐྱབ་ཐངས་ཀྱི་ སྦྱོང་བརྡར་པ་༡༠ འབད་མི་ སྡེ་ཚན་དང་པ་གིས་ འཕྲལ་ཁམས་ཅིག་ཁར་ སྦྱོང་བརྡར་མཇུག་བསྡུ་ཡོདཔ་བཞིན་དུ་ སྡེ་ཚན་༢ པའི་ སྦྱོང་བརྡར་འགོ་བཙུགས་ཡོདཔ་ཨིན་པས།
མ་གཞི་ ལྟེ་བའི་ནང་ སྦྱོང་བརྡར་འབད་མི་ཚུ་གིས་ སྦྱོང་བརྡར་མཇུག་བསྡུ་ཞིནམ་ལས་ དེ་ནང་ར་སྡོད་དེ་ ལཱ་འབད་ཐོག་ལས་ འོང་འབབ་བཟོ་དགོཔ་ཨིན་རུང་ མཁོ་ཆས་ཚུ་ ཉོ་སྒྲུབ་འབད་ནི་གི་ མ་དངུལ་མེད་པར་ སྡེ་ཚན་དང་པའི་ སྦྱོང་བརྡར་པ་ཚུ་ ཁོང་རའི་ཁྱིམ་ནང་ ལོག་ཡར་སོ་ཡི་ཟེར་ ཚེམ་སློབ་སྟོན་པ་ དངོས་གྲུབ་རྡོ་རྗེ་གིས་ སླབ་ཨིན་པས།
སྦྱོང་བརྡར་པ་ཚུ་ལུ་ ཉིན་བསྟར་བཞིན་དུ་ ལྟོ་ཕོགས་དངུལ་ཀྲམ་༡༠༠ རེ་ བྱིན་མི་དེ་ འབྲུག་ས་གཏེར་ལས་འཛིན་གྱིས་ སྦྱིན་བདག་འབདཝ་ཨིན་པས།
བཟོ་སྦལ་རྒཔོ་ པདྨ་རྡོ་རྗེ་གིས་ སླབ་མིའི་ནང་ ད་ལྟོ་ ཁྱིམ་༡ སྟོངམ་ལུས་མི་དེ་ ག་དེ་སྦེ་ ལག་ལེན་འཐབ་ནི་ཨིན་ན་ འཆར་གཞི་ངེས་ཏིག་ཅིག་མེད་ཟེར་ཨིན་པས།
སངས་རྒྱས་བཟང་མོ་གིས་ ཚེམ་རྐྱབ་ཐངས་ཀྱི་ སྦྱོང་བརྡར་དེ་ ཟླཝ་༧ གྱི་ཤུལ་ལས་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment