གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དུས་ཡུན་སྐར་མ་༥༠ ནང་ ཤིང་༩༠,༠༠༠ ལྷགཔ་ཅིག་བཙུགས་ཡོདཔ།

༣༡/༡༠/༢༠༡༢   ལ་དྭགས་ཀྱིས་ འཛམ་གླིང་ནང་ དུས་སྟབས་ཅིག་ཁར་ ཤིང་གི་གྱངས་ཁ་མཐོ་ཤོས་ བཙུགས་ཡོད་པའི་ ཐོ་བཀོད་གསརཔ་འབད་ནུག།

༉ ད་རེས་ ལ་དྭགས་ཀྱི་ས་གནས་ ཧེ་མིསི་དགོན་པ་ལུ་ འཚོགས་པའི་བསྒང་ཡོད་མི་ དོན་རྒྱུད་དཔལ་ལྡན་འབྲུག་པའི་ཚོགས་ཆེན་ཐེངས་༤ པའི་ནང་ བཅའ་མར་གཏོགས་མི་བླ་སྤྲུལ་དང་ དགེ་སློང་ དེ་ལས་ ས་གནས་ཀྱི་མི་ཚུ་གིས་ མཉམ་རུབ་ཐོག་ལས་ སྤྱི་ཟླ ༡༠ པའི་ཚེས་༢༩ ལུ་ ཏུང་ཀེ་ལ་ཏོག་ཐང་ནང་ ལྕང་མ་ཤིང་༩༠,༠༠༠ ལྷགཔ་ཅིག་ བཙུགས་ཐོག་ལས་ འཛམ་གླིང་ནང་ དུས་ཡུན་ཐུང་ཀུ་ཅིག་ནང་ ཤིང་གི་གྱངས་ཁ་མཐོ་ཤོས་ འཛུགས་སྐྱོང་འབད་ཡོད་པའི་ ཐོ་བཀོད་གསརཔ་འབད་ཡི།
རྒྱལ་དབང་འབྲུག་པ་རིན་པོ་ཆེ་མཆོག་གིས་ ཤིང་བཙུགས་གནང་པའི་བསྒང་།
ལ་དྭགས་ཀྱི་ས་གནས་ ཏུང་ཀེ་ལ་ཏོག་ཐང་ནང་ མི་གྲངས་༣༠,༠༠༠ དེ་ཅིག་གིས་ ལྕང་མ་ཤིང་ཚུ་ བཙུགས་པའི་བསྒང་།


ཤིང་འཛུགས་སྐྱོང་ནང་ མི་གྲངས་༣༠,༠༠༠ དེ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ད་ ལྕང་མ་ཤིང་ཚུ དུས་ཡུན་སྐར་མ་༥༠ འི་ ནང་འཁོད་ལུ་ བཙུགས་ཚར་ཡི།
མ་གཞི་ དོན་བརྒྱུད་དཔལ་ལྡན་འབྲུག་པའི་ ཚོགས་ཆེན་གྱིས་ འཛམ་གླིང་གི་ ཐོ་བཀོད་ནང་ཚུད་ནིའི་དོན་ལུ་ དུས་ཡུན་ཆུ་ཚོད་༡ ནང་ ལྕང་མ་ཤིང་༡༠༠,༠༠༠ བཙུགས་ནི་ལུ་ དམིགས་གཏད་བསྐྱེད་ཡོདཔ་ཨིན་རུང་ ས་ཁོངས་དེ་ནང་ རྡོ་ལེ་ཤ་ཡོད་མི་ལུ་བརྟེན་ དམིགས་དོན་གྲུབ་མ་ཚུགསཔ་ཨིན་པས།
ཐོ་བཀོད་འབད་ནིའི་དོན་ལུ་ འཛམ་གླིང་ཐོ་བཀོད་ཡིག་ཚང་ལས་ འགོ་དཔོན་ཚུ་ཡང་ ལྟ་རྟོག་འབད་བར་ འོང་ཡོདཔ་ཨིན་པས།
ལྕང་མ་ཤིང་ཚུ་ བཙུགས་པའི་སྐབས་ལུ་ ས་ཁོངས་དེ་ ས་ཚན་ཁག་སྦེ་ དབྱེ་ཞིནམ་ལས་ ས་ཁོངས་རེ་ནང་ མི་༥༠ རེ་ བཙུགས་ཡོདཔ་བཞིན་དུ་ མི་རེ་གིས་ ཉུང་ཤོས་ར་ ཤིང་༡༠ རེ་ བཙུགས་ཡོདཔ་ཨིན།
དེ་དང་འབྲེལ་ རྒྱལ་དབང་འབྲུག་པ་རིན་པོ་ཆེ་མཆོག་དང་ ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་མཆོག་གིས་ཡང་ ཤིང་ཚུ་ བཙུགས་གནང་ཡི།
ད་རེས་ཀྱི་ ཚོགས་ཆེན་གྱི་ཁྲི་འཛིན་ ཐུགས་སྲས་རིན་པོ་ཆེ་ འཇིགས་མེད་མི་ཕམ་བཤད་སྒྲུབ་བསྟན་འཛིན་གྱིས་ བཤད་མིའི་ནང་ འཛུགས་སྐྱོང་འབད་མི་ཤིང་ཚུ་ ལ་དྭགས་ཀྱི་ས་གནས་ གཞན་ཚུ་ནང་ལས་ ཉོ་ཡོདཔ་མ་ཚད་ ལ་ལུ་ཅིག་ མི་ཚུ་གིས་ རིན་མེད་སྟོང་པར་སྦེ་ བྱིན་བྱིནམ་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཤིང་འཛུགས་སྐྱོང་དེ་ཡང་ རྒྱལ་དབང་འབྲུག་པའི་ལས་འགུལ་ ལིབ་ཊུ་ལཱབ་ཟེར་མི་ ལས་འགུལ་གྱི་ཐོག་ལས་སྦེ་ འགོ་འདྲེན་འཐབ་འཐབ་ཨིན་ཟེར་ཨིན་པས།
ད་རེས་ འཛུགས་སྐྱོང་འབད་མི་ཤིང་ཚུ་ ཧེ་མིསི་དགོན་པའི་འོག་ལུ་ཡོད་པའི་ དགེ་སློང་དང་ ཨ་ནེམོ་ཚུ་གིས་ སྐོར་རྒྱབ་ཐོག་ལས་ འཛིན་སྐྱོང་འཐབ་ནི་ཨིན་ཟེར་ཨིན་པས།
ད་ལྟོ་ཚུན་ འཛམ་གླིང་ནང་ ཤིང་གི་གྱངས་ཁ་མཐོ་ཤོས་ འཛུགས་སྐྱོང་འབད་བའི་ ཐོ་བཀོད་དེ་ ཕི་ལི་པིནསི་རྒྱལ་ཁབ་ནང་ཨིནམ་ད་ དེ་ཡང་ དུས་ཡུན་སྐར་མ་༡༥ འི་ནང་འཁོད་ལུ་ ཤིང་༦༤,༠༩༦ བཙུགས་ཡོད་མི་དེ་ སྤྱི་ལོ་༢༠༡༠ ལུ་ ལ་དྭགས་ལུ་སྦེ་ ཤིང་༥༠,༠༣༣ བཙུགས་ཡོད་པའི་ ཐོ་བཀོད་དེ་ ཆ་མེད་བཏང་ཡོདཔ་ཨིན་པའི་གནས་ཚུལ།



ལ་དྭགས་ལས་ ཉི་མ་དབང་འདུས།

No comments:

Post a Comment