གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་རབས་དང་ལྡན་པའི་ བྱིན་ཅན་ལྕགས་མཁར་ལྷ་ཁང་ལུ་གནོད་ཉེན།

༡༩/༡༠/༢༠༡༢   ༉ འདས་པའི་ལོ་ནང་ བུམ་ཐང་བོད་པ་ལ་ཐང་གི་ ནང་འཁོད་གནམ་ཐང་ བཟོ་སྐྲུན་འབད་བའི་སྐབས་ གནམ་ཐང་གི་ ཉེན་སྲུང་ལུ་དམིགས་ཏེ་ ལྕམ་མཁར་ཆུ་ ཁ་སྒྱུར་བཏང་མི་དེ་གིས་ རྒྱལ་རབས་དང་ལྡན་པའི་ བྱིན་ཅན་ལྕགས་མཁར་ལྷ་ཁང་ལུ་ ཉེན་ཁ་སྦོམ་འབྱུང་ནི་ཨིནམ་ལས་ ལྷ་ཁང་གི་ཇོ་བདག་ལུ་ ཚ་གྱང་སྦོམ་ཕོག་སྟེ་ ཡོདཔ་ཨིན་པས།
ལྕམ་མཁར་ཆུ་ ཁ་སྒྱུར་བཏང་མི་གིས་ ལྕགས་མཁར་ལྷ་ཁང་ལུ་ གནོད་སྐྱོན་རྐྱབ་ནིའི་ ཉེན་ཁ་ཡོདཔ་ཨིན་མས།


ལྷ་ཁང་གི་ཇོ་བདག་ བླམ་བསྟན་འཛིན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཆུ་ཁ་སྒྱུར་བཏང་མི་ལུ་བརྟེན་ ལྷ་ཁང་གི་ རྒྱབ་ཁར་ཡོད་མི་ བྱག་གི་རྩ་བ་ལས་ཕར་ གཙང་ཆུ་འགྱོ་དོ་ཡོདཔ་ལས་ ཆརཔ་མ་ཆད་པར་རྐྱབ་པ་ཅིན་ ཆུ་རུད་ཐོན་ཏེ་ ལྷ་ཁང་འཕྱག་བདའ་ནིའི་ ཉེན་ཁ་སྦོམ་འདུག་ཟེར་ཨིན་པས།
དེ་ཡང་ ལྷ་ཁང་དེ་ བྱག་གུ་ཆགས་ཏེ་ཡོདཔ་ལས་ གཙང་ཆུ་དང་ བྱག་གི་བར་ན་ མི་ཊར་དག་པ་ཅིག་ལས་མེདཔ་ད་ ཆུ་ཁ་སྒྱུར་བཏང་བའི་སྐབས་ ཧེ་མ་ ཁ་སྟོར་ཏེ་ཡོད་མི་ གཙང་ཆུ་ཆུང་ཀུ་༣ ཡོད་མི་ཚུ་ག་ར་ གཅིག་ཁར་བསྡོམས་བཏངམ་ལས་ དེ་གིས་ ཧེང་སྐལ་ར་ གཙང་ཆུ་སྦོམ་འགྱོ་བའི་ཁར་ ཆུ་ཤུགས་ཡོད་ནི་དེ་གིས་ མ་འོངས་པ་ལུ་ ཉེན་ཁ་འདུག་ཟེར་ཨིན་པས།
བླམ་བསྟན་འཛིན་གྱིས་ བཤད་མིའི་ནང་ ཧེ་མ་འབད་བ་ཅིན་ ལྷ་ཁང་གི་ རྒྱབ་ཁར་ཡོད་མི་ བྱག་གི་རྩ་བ་ལས་ རྡོ་དང་ཤིང་ཚུ་ཡོདཔ་ཨིན་རུང་ སྤྱི་ལོ་༡༩༨༩ ལུ་ ཆུ་རུད་ཐོན་པའི་སྐབས་ འཕྱགས་བདའ་ཡི་ཟེར་ཨིནམ་ད་ ད་ལས་ཕར་ ཆུ་རུད་འཐོན་པ་ཅིན་ ཐད་ཀར་དུ་ བྱག་གུ་ཕོག་སྟེ་ གནོད་སྐྱོན་རྐྱབ་ནིའི་ ཉེན་ཁ་ཡོདཔ་ལས་ ཨ་རྟག་ར་ གསོལ་བ་བཏབ་དོ་ཟེར་ཨིན་པས།
གནམ་ཐང་བཟོ་སྐྲུན་འབད་བའི་སྐབས་ ཆུ་ཁ་སྒྱུར་བཏང་མི་དེ་གིས་ ལྷ་ཁང་ལུ་ ཉེན་ཁ་ཡོད་པའི་སྐོར་ལས་ ལཱ་འབད་མི་ཚུ་ལུ་ སླབ་སྟེ་འབད་རུང་ ངོས་ལེན་འབད་མ་བཏུབ་ཟེར་ བླམ་བསྟན་འཛིན་གྱིས་ སླབ་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ ཆུ་ཁ་དེ་ ད་ལྟོའི་ ཆུ་ལམ་བདའ་སྟེ་མེན་པར་ བར་ནང་ལས་གཏང་རུང་ གནམ་ཐང་ལུ་ ཉེན་ཁ་མེད་ཟེར་ཨིན་པས།
ལྕགས་མཁར་ལྷ་ཁང་དེ་ དུས་རབས་༧ པའི་ནང་ རྒྱལཔོ་སིན་དུ་ར་ཛ་གིས་ བཞེངས་ཡོདཔ་ཨིན་རུང་ གླང་དར་མ་གིས་ ཆོས་ཀྱི་བསྟན་པ་ལུ་ བར་ཆད་རྐྱབ་ནིའི་དོན་ལུ་ རྩ་བ་ལས་ བཤིག་བཏང་ནུག་ཟེར་ཨིནམ་ད་ ཨིན་རུང་ དུས་རབས་༡༤ པ་ དེ་ཅིག་ཁར་ གཏེར་སྟོན་རྡོ་རྗེ་གླིང་པ་གིས་ ལོག་བཞེངས་ཡོདཔ་ཨིན་པས།
ལྷ་ཁང་གི་ ནང་རྟེན་གཙོ་བོ་ རྒྱལཔོ་སིན་དུ་ར་ཛ་གི་སྲསམོ་ བཀྲ་ཤིས་ཁྱིའུ་སྒྲོན་གྱི་ཞབས་རྗེས་དང་ གཏེར་སྟོན་རྡོ་རྗེ་གླིང་པ་གིས་ དཔལ་ལི་ལའི་རྒྱབ་ཁར་ཡོད་པའི་ མཚོ་ལས་གཏེར་བཞེས་མི་ སྐུ་གསུང་བྱོནམ་དང་ མགུ་ཏོ་རྟ་མགྲིན་སྦེ་ཡོད་མི་ གསེར་གྱི་རྡོ་རྗེ་ ཚུ་ ཡོདཔ་ཨིན་པས།
ཨིན་རུང་ གནད་དོན་དེ་གི་སྐོར་ལས་ རྫོང་ཁག་བདག་སྐྱོང་ལུ་ སྙན་ཞུ་འབད་ཡོདཔ་བཞིན་དུ་ ཤུལ་མའི་ འཆར་ལོ་ནང་ ཆུ་བྱག་རྐྱབ་ནི་གི་ འཆར་གཞི་ཡོདཔ་ཨིན་པས།
ལྷ་ཁང་དེ་ ལོ་རྒྱུས་དང་འཁྲིལ་བ་ཅིན་ རྒྱུ་གསེར་དང་ དངུལ་ ཟངས་ བྱུ་རུ་ མུ་ཏིག་ལ་སོགས་པའི་ རིན་ཆེན་གྱིས་བཟོ་བའི་ ཐོག་ཚད་༩ ཡོད་ཟེར་བཤདཔ་ཨིན་རུང་ ད་ལྟོ་ ཐོག་༣ ལས་མེདཔ་ཨིན་པས།
བླམ་བསྟན་འཛིན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ལྷ་ཁང་དེ་ ཧེ་མ་ མེ་མཆོད་བཞེས་པའི་ ལོ་རྒྱུས་ཡོདཔ་བཞིན་དུ་ སྤྱི་ལོ་༡༩༨༦ ལུ་ ལྷ་ཁང་གི་ ཤིང་ཆས་རྐྱངམ་གཅིག་ ཉམས་བཅོས་འབད་བའི་སྐབས་ རྩིགཔ་ཚུ་གི་བར་ན་ མེ་གི་འཚིགས་ཤུལ་ཚུ་མཐོངམ་མས་ཟེར་ ཨིན་པའི་གནས་ཚུལ།


བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment