གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲིད་དོན་ནང་ ཨམ་སྲུ་ཚུ་གི་དོན་ལུ་ ས་སྟོང་གི་ཐོབ་སྐོལ་བཟོ་དགོཔ།

༡༧/༡༠/༢༠༡༢   ༉ སྤྱི་ལོ་༢༠༡༡ ལུ་ ས་གནས་གཞུང་སྐྱོང་ནང་ ཨམ་སྲུ་ཚུ་གི་འབྲེལ་གཏོགས་ཀྱི་སྐོར་ལས་ ཞིབ་འཚོལ་ཅིག་ འགོ་འདྲེན་འཐབ་ཡོད་མིའི་ སྙན་ཞུ་དང་འཁྲིལཝ་ད་ སྤྱི་ལོ་༢༠༠༡ ལུ་ རྒྱལ་ཡོངས་ཚོགས་འདུའི་ནང་ བཅའ་མར་གཏོགས་མི་ ཨམ་སྲུ་ཚུ་གི་གྱངས་ཁ་དེ་ བརྒྱ་ཆ་༡༡ ལས་ སྤྱི་ལོ་༢༠༠༧ ལུ་ བརྒྱ་ཆ་༣ ལུ་ མར་འབབ་སོང་ཡོདཔ་ཨིན་པས།


དེ་བཟུམ་མའི་གནས་སྟངས་དེ་ རྒྱལ་ཁབ་གཞན་ཚུ་ནང་དང་ མ་འདྲཝ་ཅིག་ཨིནམ་སྦེ་ སྙན་ཞུའི་ནང་བཀོད་ནུག།
ན་ཧིང་སྤྱི་ཟླ་༦ པ་ཚུན་ལུ་ རྒྱལ་ཁབ་ནང་ ཞི་གཡོགཔ་ཨམ་སྲུ་ བརྒྱ་ཆ་༣༡.༦ ཡོདཔ་ཨིན་རུང་ འགོ་ཁྲིདཔ་གི་འགན་ཁུར་འབག་མི་  ཉུང་དྲགས་ཅིག་ལས་མེདཔ་ད་ དེ་གི་གྲས་ལས་ བརྒྱ་ཆ་༣.༨༥ དྲུང་ཆེན་དང་ བརྒྱ་ཆ་༣.༢༥ མདོ་ཆེན་ཚུ་ཨིནམ་སྦེ་ མཐོང་ཡོདཔ་ཨིན་པས།
སྤྱི་ཟླ་༡༠ པའི་ཚེས་༡༤ ལུ་ ཐིམ་ཕུ་ལུ་སྦེ་ འགོ་འབྱེད་འབད་མི་ ཞིབ་འཚོལ་སྙན་ཞུ་དེ་ རྒྱལ་ཡོངས་ཨ་ལུ་དང་ཨམ་སྲུའི་ཚོགས་སྡེ་གིས་ འགོ་འདྲེན་འཐབ་ཡོདཔ་ད་ སྙན་ཞུ་དེ་དང་འཁྲིལ་བ་ཅིན་ ད་ལྟོ་ཚུན་ལུ་ རྒྱལ་ཁབ་ནང་ གནས་སྟངས་དེ་ ཡར་དྲག་བརྒྱ་ཆེཝ་འགྱོ་མ་ཚུགསཔ་སྦེ་ མཐོང་ཡོདཔ་ཨིན་པས།
རྒྱལ་ཡོངས་ཕོ་མོའི་ལས་འཆར་༢༠༠༨-༡༣ དང་འཁྲིལཝ་ད་ ད་ལྟོ་ཚུན་ལུ་རྒྱལ་ཁབ་ནང་ ངོ་ཚབ་༢,༡༡༧ བཙགས་འཐུ་འབད་ས་ལས་ ཨམ་སྲུ་བརྒྱ་ཆ་༤ མ་གཏོགས་མེདཔ་ཨིན་པས།
སྙན་ཞུའི་ནང་ བཀོད་དོ་བཟུམ་འབད་བ་ཅིན་ སྤྱི་ལོ་༢༠༡༡ ལུ་ ས་གནས་གཞུང་གི་ བཙགས་འཐུའི་སྐབས་ རྒཔོ་ཨམ་སྲུ་ བརྒྱ་ཆ་༠.༥༠ ལས་ མེདཔ་མི་དེ་ ཉུང་དྲགས་ཅིག་ཨིན་པས།
རྒཔོ་བཙགས་འཐུའི་དོན་ལུ་ ཐོ་བཀོད་འབད་མི་ ཨམ་སྲུ་༢༢ ཀྱི་གྲས་ལས་༡ མ་གཏོགས་ བཙགས་འཐུ་མ་གྲུབ་ད་ ཕོ་སྐྱེས་༥༥༦ ཐོ་བཀོད་འབད་མིའི་གྲས་ལས་༢༠༡ བཙགས་འཐུ་གྲུབ་ཡོདཔ་ཨིན་པས།
ཨིན་རུང་ ཚོགས་པའི་གོ་གནས་ཀྱི་དོན་ལུ་ ཨམ་སྲུ་༩༧ གིས་ ཐོ་བཀོད་འབད་ས་ལས་༦༡ བཙགས་འཐུ་གྲུབ་ཡོདཔ་ལས་ སྙན་ཞུ་དང་འཁྲིལ་བ་ཅིན་ ཚོགས་རྒྱན་བཙུགས་མི་ མང་ཆེ་ཤོས་ཅིག་གིས་ དམང་མིའི་དོན་ལུ་ མདོ་འགྲན་འབད་མི་ ཨམ་སྲུ་ཚུ་ལུ་ ཚོགས་རྒྱན་མངམ་བཙུགས་ཡོདཔ་ད་ རྒཔོ་དང་ ཁྲོམ་སྡེའི་འཐུས་མིའི་དོན་ལུ་ ཐོ་བཀོད་འབད་མི་ཨམ་སྲུ་ཚུ་ལུ་ ཚོགས་རྒྱན་རྩ་ལས་ར་ མ་བཙུགས་པས་ཟེར་ཨིན་པས།
དེ་ལུ་བལྟ་བ་ཅིན་ ཚོགས་རྒྱན་བཙུགས་མི་ཚུ་གིས་ ས་གནས་གཞུང་གི་ གནས་ཚད་དམའ་ཤོས་འབད་མི་ གོ་གནས་ཀྱི་དོན་ལུ་ བཅའ་མར་གཏོགས་མི་ཚུ་ལུ་ ཚོགས་རྒྱན་བཙུགས་ཏེ་ གནས་ཚད་མཐོ་བའི་གོ་གནས་ཀྱི་དོན་ལུ་ ཚོགས་རྒྱན་མ་བཙུགས་པའི་ ཤེས་གསལ་བྱུངམ་ཨིན་པས།
ལུང་ཕྱོགས་ནང་ ཞིབ་འཚོལ་གྱི་སྐབས་ལུ་ ངོས་ལེན་འབད་མི་༡,༥༣༦ ལས་ བརྒྱ་ཆ་༥༠ གིས་ བཙགས་འཐུའི་སྐབས་ བཅའ་མར་བཏོགས་མི་ཨམ་སྲུ་ཚུ་ལུ་ གཙོ་བོ་ར་ ཤེས་ཡོན་དང་ སྦྱོང་བརྡར་ དེ་ལས་ ཁ་སྐད་ལག་ལེན་རིག་རྩལ་ཚུ་ནང་ དཀའ་ངལ་སྦོམ་ཡོདཔ་སྦེ་ མཐོང་ཡོད་པའི་སྐོར་ལས་ སླབ་ཡོདཔ་ཨིན་རུང་ ཕོ་སྐྱེས་མང་བའི་ངོས་ལེན་པ་ བརྒྱ་ཆ་༡༥.༨ ཀྱིས་ དེ་ལུ་ ཁ་མ་འཆམ་ཨིན་པས།
སྤྱིར་བཏང་ ཕོ་སྐྱེས་དང་ཕྱདཔ་ད་ ཨམ་སྲུ་མང་ཤོས་ཅིག་ལུ་ ཤེས་ཡོན་མེདཔ་ད་ སྙན་ཞུའི་ནང་བཀོད་དོ་བཟུམ་འབད་བ་ཅིན་ ཁྲོམ་ཚུ་ནང་ ཤེས་ཡོན་ཡོད་མི་ ཨམ་སྲུ་བརྒྱ་ཆ་༦༠ དང་ གྲོས་གཡུས་ཚུ་ནང་ བརྒྱ་ཆ་༢༩ ལས་མེདཔ་ད་ ཕོ་སྐྱེས་འབད་བ་ཅིན་ ཁྲོམ་ཁར་སྡོད་མི་ བརྒྱ་ཆ་༨༠ དང་ གྲོངས་གཡུས་ཚུ་ནང་ བརྒྱ་ཆ་༥༧ ཤེས་ཡོན་ཡོད་མི་ཚུ་ཨིན་པས།
ཞིབ་འཚོལ་དེ་ལུ་ ངོས་ལེན་འབད་མི་ བརྒྱ་ཆ་༦༡.༧ གྱིས་ ཨམ་སྲུ་ཚུ་གིས་ ཁྱིམ་ནང་ལཱ་ ལེ་ཤ་ཅིག་ར་འབད་དགོཔ་མ་ཚད་ འཚོ་བའི་དོན་ལུ་ འོང་འབབ་བཟོ་ནིའི་ ལཱ་ཚུ་ཡང་འབད་དགོཔ་ཡོདཔ་ལས་ མི་སྡེའི་ལཱ་འགན་ནང་ བཅའ་མར་གཏོགས་མ་ཚུགསཔ་སྦེ་ སླབ་ཡོདཔ་ཨིན་རུང་ གནད་དོན་དེ་ བྱ་སྟབས་མ་བདེཝ་ སྦོམ་ཨིནམ་སྦེ་ སྙན་ཞུའི་ནང་ ཚུད་དེ་མེདཔ་ཨིན་པས།
གནད་དོན་དེ་ལུ་ ཁན་འཆམ་མི་ངོས་ལེན་པ་ མང་ཤོས་ཅིག་ར་ རྒྱལ་ཁབ་ཀྱི་ ལྷོ་མཚམས་དང་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ལས་ཨིན་པས།
ཤུལ་ལས་ ཕོ་མོའི་བར་ནའི་ ཤེས་ཡོན་དང་ སྦྱོང་བརྡར་ཚུ་ འདྲ་མཉམ་བཟོ་ཚུགས་པའི་བསྒང་ལས་ ད་རེས་ ཨམ་སྲུ་ཚུ་ལུ་ ཁྱིམ་ནང་གི་ གན་ཁུར་སྦོམ་ཕོག་སྟེ་ཡོད་མི་དཀའ་ངལ་དེ་ བསེལ་ཚུགས་ཟེར་ སྙན་ཞུའི་ནང་བཀོད་ནུག།
ངོས་ལེན་པ་ བརྒྱ་ཆ་༧༨.༩ གིས་ ཨམ་སྲུ་ཚུ་གིས་ ཚོགས་རྒྱན་བཙུགས་མི་སྦེ་ རྐྱངམ་གཅིག་མེན་པར་ མི་སེར་ཚུ་གི་ ངོ་ཚབ་སྦེ་ཡང་ བཅའ་མར་གཏོགས་ནི་ཨིན་མི་ལུ་ ཁ་འཆམ་ཡོདཔ་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ ཕོ་སྐྱེས་ཚུ་ལུ་འབད་བ་ཅིན་ རང་སོའི་འཚོ་སྐྱོང་གི་དོན་ལུ་ འོང་འབབ་བཟོ་ནིའི་ ལཱ་འགན་དེ་རྐྱངམ་གཅིག་མ་གཏོགས་མེདཔ་ཨིན་རུང་ ཨམ་སྲུ་ཚུ་འབད་བ་ཅིན་ ཁྱིམ་ནང་གི་ལཱ་མང་ནི་དེ་གིས་ མི་སྡེ་གི་ལས་སྣའི་ནང་ འབྲེལ་གཏོགས་འབད་ནི་གི་ དུས་ཚོད་དང་ སྟོབས་ཤུགས་མེདཔ་ཨིན་པས།
ཨམ་སྲུ་ཚུ་གིས་ སྲིད་དོན་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ བྱ་སྟབས་མ་བདེཝ་ཁག་༡༠ དེ་ཅིག་ཡོད་ས་ལས་ གྲོས་ཐག་བཅད་ནིའི་ ཨང་༣ པའི་ནང་ ཚུད་ཡོདཔ་ཨིན་པས།
སྤྱིར་བཏང་ལུ་ ཨམ་སྲུ་ཚུ་གིས་ རང་སོའི་ཁྱིམ་ནང་དང་ གཡུས་ཚན་ དེ་ལས་ མི་སྡེ་ག་ཅི་ནང་འབད་རུང་ གྲོས་ཐག་སྒྲིང་སྒྲིང་སྦེ་ བཅད་མི་ཚུགས་དོ་ཡོད་པའི་ མནོ་ལུགས་ཡོད་མི་ལུ་ ངོས་ལེན་པ་ བརྒྱ་ཆ་༥༡ གིས་ ཁས་ལེན་ཡོདཔ་ཨིན་རུང་ ཨམ་སྲུ་བརྒྱ་ཆ་༢༢.༥ གིས་ དེ་ལུ་ རྒྱབ་འགལ་འབད་ཡོདཔ་ཨིན་པས།
ངོས་ལེན་པ་ཚུ་གི་གྲས་ལས་ བརྒྱ་ཆ་༤༣ གྱིས་ ཨམ་སྲུ་ཚུ་གིས་ སྲིད་དོན་དང་འབྲེལ་བའི་ མི་མང་འཛོམས་སའི་ས་ཁོངས་ཚུ་ནང་ དོན་སྨིན་ཅན་དང་ མངོན་གསལ་ཅན་གྱི་ གྲོས་ཐག་བཅད་མི་ཚུགས་དོ་ཡོདཔ་སྦེ་ མནོ་བསམ་བཏངམ་ཨིན་པས།
དེ་བཟུམ་སྦེ་ གནད་དོན་ཨང་༥ པ་དེ་ འབྲུག་པའི་ཨམ་སྲུ་ཚུ་གིས་ རང་གི་ལྕོགས་གྲུབ་ལུ་ བློ་སྟོབས་མེད་པ་ ངོ་ཚ་སྟེ་སྡོད་མི་དེ་ཨིནམ་སྦེ་ སྙན་ཞུའི་ནང་ཚུད་ཡོདཔ་ད་ དེ་ལུ་ ངོས་ལེན་པ་༧༥༠ ལས་ བརྒྱ་ཆ་༤༨.༨ ཀྱིས་ ངོས་ལེན་འབད་ཡོདཔ་ཨིན་པས།
ཨིན་རུང་ ཨམ་སྲུ་ཚུ་ རང་སོའི་ཁྱིམ་ནང་ ལཱ་འགན་ལེ་ཤ་ཅིག་ར་ འབག་དགོཔ་ལས་ སྲིད་དོན་ནང་ བཅའ་མར་གཏོགས་མ་ཚུགསཔ་སྦེ་ བཀོད་དེ་ཡོད་མི་ཚུ་ལུ་ གདོང་ལེན་འབད་ནིའི་དོན་ལུ་ མི་སྡེ་ཚུ་ནང་ ཉིན་མ་ ཨ་ལུ་ཚུ་བདག་འཛིན་འཐབ་སའི་ས་ཁོངས་ཚུ་ གཞི་བཙུགས་འབད་དེ་ ཨམ་སྲུ་ཚུ་ལས་ ཕོ་སྐྱེས་དྲག་ཟེར་བའི་མནོ་ལུགས་ཚུ་ རྩ་མེད་བཏང་དགོ་ཟེར་ སྙན་ཞུའི་ནང་ རྒྱབ་བསྣོན་འབད་ནུག།
སྙན་ཞུ་དེ་གིས་ དེ་བཟུམ་མའི་དཀའ་ངལ་བསེལ་ཐབས་ལུ་ གཞན་ཡང་ རྒྱབ་བསྣོན་ལེ་ཤ་ཅིག་ར་ འབད་ཡོད་མི་ཚུ་གི་གྲས་ལས་ གཞན་མི་དེ་ གོ་གནས་ག་བཟུམ་གྱི་དོན་ལུ་འབད་རུང་ ཨམ་སྲུ་ཚུ་ལུ་ ཐོབ་སྐལ་བརྒྱ་ཆ་༢༠ དང་༣༠ རེ་ བཞག་དགོཔ་ད་ རྫོང་ཁག་དང་ རྒེད་འོག་ཚུ་གི་ རྒྱ་ཚད་དང་འཁྲིལ་ ཨམ་སྲུ་ཚུ་གིས་ བསྐོར་རྒྱབ་ཐོག་ འབྲེལ་གཏོགས་འབད་ནི་ལུ་ ཐོབ་སྐལ་གྱི་ཚད་གཞི་ཚུ་ བཟོ་དགོཔ་ཨིན་པས།
རྒྱལ་ཡངོས་ཨ་ལུ་དང་ཨམ་སྲུ་ལྷན་ཚོགས་ཀྱིས་ ཤུལ་མམ་གྱི་བདུན་ཕྲག་ནང་ སྙན་ཞུ་དེ་གི་སྐོར་ལས་ གོ་བརྡའི་ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment