གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཅན་གཟན་སྟག་ཉམས་སྲུང་གི་ བློན་པོའི་ཞལ་འཛོམས་ཐེངས་༢ པ་ ད་རིས་མཇུག་བསྡུ་ནི།

༢༣/༡༠/༢༠༡༢    ༉ ཁ་ཙ་ ཐིམ་ཕུ་ལུ་ གཅན་གཟན་སྟག་ཉམས་སྲུང་གི་དོན་ལུ་ ཨེ་ཤི་ཡ་ལུང་ཕྱོགས་རྒྱལ་ཁབ་ཚུ་གི་ བློན་པོའི་ཞལ་འཛོམས་འཚོགས་མིའི་ནང་ གཅན་གཟན་སྟག་ཡོད་མི་ རྒྱལ་ཁབ་༡༣ དེ་ཅིག་གིས་ ནངས་པ་ལས་ བློན་པོ་དང་ ཆེ་མཐོའི་འགོ་དཔོན་ཚུ་གིས་ གྲལ་གཏོགས་ཐོག་ རྒྱལ་ཁབ་སོ་སོའི་ སྟག་ཉམས་སྲུང་གི་ ལས་རིམ་སྙན་ཞུ་ཚུ་ ཕུལ་ཐོག་ལས་ གྲོས་བསྡུར་འབད་ཡི།
ཨེ་ཤི་ཡ་ལུང་ཕྱོགས་རྒྱལ་ཁབ་ཚུ་གི་ བློན་པོ་ཚུ་ གྲོས་འཛོམས་འཚོགས་པའི་བསྒང་།


དེ་ཡང་ འཛམ་གླིང་ནང་ གཅན་གཟན་སྟག་ཡོངས་བསྡོམས་༣,༥༠༠ དེ་ཅིག་མ་གཏོགས་མེདཔ་ལས་ ཉམས་སྲུང་འབད་ནིའི་དོན་ལུ་ སྟག་ཡོད་མི་རྒྱལ་ཁབ་ཚུ་གིས་ མཉམ་འབྲེལ་ཐོག་ལས་ ཉམས་སྲུང་འབད་ནིའི་དོན་ལུ་ ཨེ་ཤི་ཡ་ལུང་ཕྱོགས་རྒྱལ་ཁབ་ཚུ་གི་ བློན་པོའི་ཞལ་འཛོམས་ཐེངས་༢ པ་ཨིན་པས།
ཞལ་འཛོམས་ནང་ ཨེ་མི་ར་ཀ་ལས་ འབྲུག་དང་རྒྱ་གར་གྱི་གཞུང་ཚབ་ ནེན་སི་ ཇེ་ པ་འོལ་དང་ འཛམ་གླིང་དངུལ་ཁང་དང་ རྒྱལ་སྤྱི་སྟག་གི་མ་དངུལ་ ཡུ་ཨེན་ཌི་པི་དང་ རྒྱལ་སྤྱིའི་ཁྲིམས་འགལ་བཀག་འཛིན་འགག་པའི་ཚོགས་སྡེ་ ཨིན་ཊར་པཱོལ་ཚུ་ནང་ལས་ཡང་ ཞལ་འཛོམས་དེ་ནང་ བཅའ་མར་གཏོགས་མི་ ཆེ་རིམ་འགོ་དཔོན་ཚུ་ ཡོདཔ་ཨིན་པས།
འབྲུག་སོ་ནམ་དང་ནགས་ཚལ་ལྷན་ཁག་གི་ བློན་པོ་ ཌོག་ཊར་པདྨ་རྒྱ་མཚོ་གིས་ བརྡ་བརྒྱུད་ཚུ་ལུ་ གསུངས་མིའི་ནང་ ཞལ་འཛོམས་དེ་གིས་ གཙོ་བོ་ གཅན་གཟན་སྟག་ཡོད་མི་ རྒྱལ་ཁབ་ཚུ་དང་ རྒྱལ་སྤྱིའི་མ་དངུལ་གྲོགས་རམ་འབད་མི་ ཚོགས་སྡེ་ཚུ་གིས་ མཉམ་འབྲེལ་ཐོག་ལས་ འཛམ་གླིང་ནང་ ཉམས་ཉེན་ཡོད་པའི་སྟག་ཚུ་ ཉམ་སྲུང་འབད་ནིའི་དོན་ལུ་ འཐུས་མི་རྒྱལ་ཁབ་ཚུ་གིས་ ཐབས་ལམ་བརྗེ་སོར་འབད་ནིའི་དོན་ལུ་དང་ མ་དངུལ་གྱི་དཀའ་ངལ་ཡོད་མི་ཚུ་དང་ མཉམ་འབྲེལ་ཐོག་ སེལ་ཐབས་འབད་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
འཐུས་མི་རྒྱལ་ཁབ་ཚུ་གི་གྲས་ལས་ གཅན་གཟན་སྟག་ཉམས་སྲུང་གི་དོན་ལུ་ མ་དངུལ་འབོར་ཆེ་ཏོག་ཏོ་སྦེ་ གཞུང་ལས་ རྒྱབ་སྐྱོར་ཡོད་པའི་ སྙན་ཞུ་འབད་མི་ རྒྱ་གར་རྒྱལ་ཁབ་རྐྱངམ་གཅིག་ཐོན་ཡོདཔ་ད་ དེ་མིན་ སྟག་གི་ཉམས་སྲུང་གི་དོན་ལུ་ ཡུན་བརྟན་མ་དངུལ་གྱི་ དགོས་མཁོ་ཡོད་མི་དེ་ འཐུས་མི་རྒྱལ་ཁབ་ཚུ་ལུ་ དོ་འགྲན་སྦོམ་ཤོས་ཨིནམ་སྦེ་ བཤདཔ་ཨིན་པས།
རྒྱལ་སྤྱིའི་གཅན་གཟན་སྟག་གི་ མཉམ་འབྲེལ་ལས་ཚོགས་ ཇི་ཊི་ཨེའི་གི་ ལས་རིམ་མདོ་ཆེན་ ཨེ་ཤབ་ ཝར་མ་གིས་ སླབ་མིའི་ནང་ མི་དང་ རི་དྭགས་སེམས་ཅན་གྱི་བར་ནའི་ བྲེལ་ཟིང་གི་དཀའ་ངལ་དེ་ ཉམས་སྲུང་དང་འབྲེལ་བའི་ དཀའ་ངལ་ཆེ་ཤོས་ཅིག་ཨིནམ་བཞིན་དུ་ དེ་གི་གདོང་ལེན་ལུ་ འཐུས་མི་རྒྱལ་ཁབ་ཚུ་གིས་ སྐྱེ་ལྡན་དང་འབྲེལ་བའི་ འོང་འབབ་ཀྱི་ གོ་སྐབས་ཚུ་ ལེན་དགོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྒེར་གྱི་བཟོ་གྲྭ་ཚུ་ལུ་ཡང་ ཉམས་སྲུང་དང་འབྲེལ་བའི་ འགན་འཁྲི་བཀལ་དགོཔ་ཡོདཔ་མ་ཚད་ སྐྱེ་ལྡན་ལྟ་བཤལ་ལ་སོགས་པའི་ ལས་རིམ་ཚུ་ གཞི་བཙུགས་ཐོག་ལས་ འོང་འབབ་བཟོ་ནིའི་ ཐབས་ཤེས་བཏོན་དགོ་ཟེར་ཨིན་པས།
འཐུས་མི་རྒྱལ་ཁབ་ཚུ་གིས་ ད་རིས་ མཇུག་བསྡུ་ནི་ཨིན་མི་ ཞལ་འཛོམས་ནང་ བཟོ་གྲྭ་དང་ སྒེར་སྡེ་ཚུ་ རི་དྭགས་སྲུང་སྐྱོབ་ཀྱི་དོན་ལུ་ གྲལ་གཏོགས་ཀྱི་ གོ་སྐབས་བཟོ་ཐབས་དང་ རི་དྭགས་དང་འབྲེལ་བའི་ཁྲིམས་འགལ་གནད་དོན་ཚུ་གི་ གདོང་ལེན་ལུ་ མཉམ་འབྲེལ་འབད་ཐབས་ དེ་ལས་ རྒྱལ་སྤྱིའི་གཅན་གཟན་སྟག་ཚུ་ སླར་གསོའི་ལས་རིམ་གྱི་ མ་འོངས་མདུན་ལམ་དང་ རོགས་རམ་ལས་སྡེའི་རྒྱབ་སྐྱོར་ཚུ་གི་ གནད་དོན་ཐོག་ གྲོས་བསྡུར་ཚུ་འབད་དེ་ མོས་མཐུན་གྱི་བཅུད་དོན་ཚུ་ གཏོན་ནི་ཨིན་པས།
དུས་ཅི་གི་ ཞལ་འཛོམས་ནང་ འབྲུག་དང་ བང་ལ་དེཤ་ རྒྱ་ནག་ རྒྱ་གར་ ཨིན་ཌོ་ནེ་ཤི་ཡ་ མ་ལེ་ཤི་ཡ་ མི་ཡཱན་མར་ ནེ་པཱལ་ ར་ཤི་ཡ་ ཐའི་ལེནཌི་ བེཊ་ནཱམ་ ལ་འོསི་ དེ་ལས་ གཞན་རྒྱལ་སྤྱིའི་ལས་སྡེ་ཁག་ཚུ་ནང་ལས་ཡང་ བཅའ་མར་གཏོགས་མི་ ཆེ་རིམ་འགོ་དཔོན་ཚུ་ ཡོདཔ་ཨིན་པས།
གཅན་གཟན་སྟག་ཉམས་སྲུང་གི་དོན་ལུ་ ཨེ་ཤི་ཡ་ལུང་ཕྱོགས་རྒྱལ་ཁབ་ཚུ་གི་ བློན་པོ་ཚུ་དང་ ཞལ་འཛོམས་ཐེངས་དང་པ་འཚོགས་མི་དེ་ ཐའི་ལེནཌི་ལུ་སྦེ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༠ ལུ་ ར་ཤི་ཡ་ལུ་སྦེ་ འཐུས་མི་རྒྱལ་ཁབ་ཚུ་གི་ དབུ་ཁྲིད་ཚུ་གིས་ སྤྱི་ལོ་༢༠༢༢ ཚུན་ གཅན་གཟན་སྟག་གི་གྱངས་ཁ་ ལོག་ལྟབ་བཟོ་ནི་ཟེར་བའི་ བརྗོད་དོན་ཐོག་ལུ་ ཁས་བླངས་ཀྱི་ མཚན་རྟགས་བཀོད་ཡོདཔ་ ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment