གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲིད་ཚོགས་ནང་ དང་འདོད་ཡོད་རུང་ འགན་འཁྲི་ཕོག་མི་ལུ་བརྟེན་ བྱ་སྟབས་མ་བདེཝ།

༢༢/༡༠/༢༠༡༢   ༉ འབྲུག་གི་སྲིད་ཚོགས་ཚུ་གི་དོན་ལུ་ འོས་འབབ་ཅན་གྱི་འདེམས་ངོ་ཚུ་ འཐོབ་ཚུགས་པ་ཅིན་ ཞི་གཡོག་ནང་ལས་མ་གཏོགས་ མེདཔ་ཨིན་རུང་ ཞི་གཡོག་ནང་ལས་ རང་གིས་དགའ་མི་དེ་ ཐད་ཀར་དུ་ གདམ་འཐུ་འབད་ཆོག་པའི་ ངེས་བརྟན་མེདཔ་ཨིན་པས།


མ་གཞི་ ཞི་གཡོག་བཀོ་བཞག་སྟེ་ སྲིད་དོན་ནང་ བཅའ་མར་གཏོགས་ནི་དེ་ཡང་ གལ་སྲིད་ ཞི་གཡོག་བཀོ་བཞག་པའི་ཤུལ་ལུ་ བཙག་འཐུ་ནང་ མཐར་འཁྱོལ་འབྱུང་མ་ཚུགས་པ་ཅིན་ཟེར་བའི་ དོགས་སྣང་ཐོག་ སྲིད་ཚོགས་ནང་ འབྲེལ་གཏོགས་འབད་ནི་ལས་ འཛེམ་སྡོད་དགོཔ་ ཐོན་དོ་ཡོདཔ་ཨིན་པས།
ཨིན་རུང་ ཞི་གཡོགཔ་ལེ་ཤ་ཅིག་གིས་ སྲིད་ཚོགས་ནང་ འབྲེལ་གཏོགས་འབད་ནི་གི་ དང་འདོད་ཡོད་ཟེར་ སླབ་ཨིན་རུང་ སྲིད་ཚོགས་ནང་འབྲེལ་གཏོགས་འབད་ནིའི་ དང་འདོད་ཡོད་མི་ཚུ་ལུ་ བྱ་སྟབས་མ་བདེཝ་དེ་ གཙོ་བོ་ར་ ལཱ་གཡོག་གི་ གོ་གནས་དང་བསྟུན་པའི་ ཞབས་ཏོག་གི་འགན་འཁྲི་ཕོག་མི་དེ་ ཨིན་ཟེར་བཤདཔ་ཨིན་པས།
དཔེ་འབད་བ་ཅིན་ འཕྲལ་ཁམས་གནས་ཡུན་རིངམོ་སྦེ་ ཕྱིའི་རྒྱལ་ཁབ་ནང་ སྦྱོང་བརྡར་འབད་བར་སོང་སྟེ་ ལོག་ལྷོད་མི་ ཞི་གཡོགཔ་ཅིག་གིས་ སླབ་མིའི་ནང་ ཁོ་གིས་ དང་འདོད་ཅན་གྱི་ སྲིད་ཚོགས་གསརཔ་ཅིག་གི་ནང་ འབྲེལ་གཏོགས་འབད་ནི་གི་ མནོ་བསམ་ཡོད་རུང་ གཞུང་དང་གཅིག་ཁར་ གན་རྒྱ་བཟོ་ཡོད་མི་དང་བསྟུན་ ཞི་གཡོག་ནང་ ཕྱག་ཞུ་དགོ་པའི་ གནས་ཡུན་ཚང་དགོཔ་ཡོད་མི་དེ་གིས་ བཀག་ཆ་འབད་དེ་ ལུས་སོ་ཡི་ཟེར་ཨིན་པས།
ཞི་གཡོག་གི་ ཁྲིམས་ལུགས་དང་འཁྲིལཝ་ད་ ཞི་གཡོགཔ་ཚུ་ ཕྱི་ཁར་གནས་ཡུན་རིངམོ་སྦེ་ གཡོག་གི་སྦྱོང་བརྡར་དང་ ཤེས་ཡོན་སློབ་སྦྱོང་ནང་ སོང་མི་ཚུ་གིས་ གཞུང་དང་གཅིག་ཁར་ ཁས་བླངས་འགན་ལེན་གྱི་ གན་ཡིག་གུ་ མཚན་རྟགས་བཀོད་དགོཔ་ཨིན་པས།
ཞི་གཡོགཔ་ཚུ་གིས་ སྦྱོང་བརྡར་འབད་ཚར་ཏེ་ ལོག་འོང་ཞིནམ་ལས་ ཁས་བླངས་གན་ཡིག་ནང་གསལ་ལྟར་ གནས་ཡུན་མ་ཚང་ཚུན་ཚོད་ ཞི་གཡོག་ནང་ལས་ དགོངས་ཞུ་འབད་མ་ཆོགཔ་ཨིན་པས།
དེ་འབདཝ་ད་ གནས་ཡུན་མ་ཚང་པར་ ཞི་གཡོག་ནང་ལས་ དགོངས་ཞུ་འབད་བ་ཅིན་ ཞི་གཡོགཔ་དེ་གིས་ ཁས་བླངས་གན་ཡིག་དང་འཁྲིལ་ དངུལ་འབྲེལ་གྱི་ཉེས་བྱ་ཚུ་ གཞུང་ལུ་བཏབ་དགོཔ་ཨིན་པས།
ཞི་གཡོགཔ་ རྒྱལ་ཡོངས་ཚོགས་སྡེའི་ ས་གོའི་དོན་ལུ་ བཅའ་མར་གཏོགས་ནི་གི་ དང་འདོད་བསྐྱེད་མི་ཅིག་གིས་ སླབ་མིའི་ནང་  བཙག་འཐུའི་ནང་ འབྲེལ་གཏོགས་ཀྱི་དོན་ལུ་ ནང་གི་བསམ་པ་སེམས་བསྐྱེད་འདི་ ག་དེམ་ཅིག་ བཟང་པོའི་ཐོག་ལས་ཨིན་རུང་ ངེས་པ་མེད་པའི་བཙག་འཐུ་ནང་ འབྲེལ་གཏོགས་ཀྱི་དོན་ལུ་ ཞི་གཡོག་གི་ འགན་ཁྲིའི་གནས་ཡུན་མ་ཚང་པར་ ཉེས་བྱ་མ་དངུལ་མང་རབས་ཅིག་བཏབ་ཐོག་ལས་ དགོངས་ཞུ་འབད་ནི་དེ་ ཉེན་ཁ་སྦོམ་ཅིག་ ཨིན་མས་ཟེར་བཤད་ཅི།
ཁོ་གིས་སླབ་མིའི་ནང་ མ་དངུལ་གྱི་ རྒྱབ་སྐྱོར་ཡོད་པའི་ སློབ་སྦྱོང་གི་དོན་ལུ་ ཞུ་ཡིག་བཙུགས་མི་དེ་ཡང་ གཙོ་བོ་ར་ སྲིད་དོན་ནང་འབྲེལ་གཏོགས་ཀྱི་དོན་ལུ་ ཤེས་ཡོན་རྒྱ་བསྐྱེད་གཏང་ཐབས་ལུ་དམིགས་ཏེ་ བཙུགས་ཅི་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ རྒྱལ་ཁབ་ལུ་ ཕྱག་ཞུ་ནི་དེ་ ཞི་གཡོག་ནང་སྡོད་ནི་རྐྱངམ་གཅིག་མེན་ཟེར་ཨིན་པས།
ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཞི་གཡོག་ནང་ འགན་འཁྲིའི་ཁས་བླངས་གནས་ཡུན་མ་ཚར་པར་ དགོངས་ཞུ་འབད་བ་ཅིན་ དངུལ་འབྲེལ་གྱི་ ཉེས་བྱ་བཏབ་དགོ་མི་དེ་ གནས་ཚད་ལས་བརྒལ་བའི་ཚད་གཞི་ མཐོ་ར་མཐོ་བས་ཟེར་ཨིནམ་ད་ དེ་འབད་ནི་དེ་གིས་ འབྲེལ་ཡོད་དབང་འཛིན་ གཙོ་བོ་ར་ ཞི་གཡོག་ལྷན་ཚོགས་ཀྱིས་ དོན་ཚན་དེ་ཁར་ལྷོདཔ་ད་ དུམ་གྲ་ཅིག་ སྒོ་ཡངས་དྲགས་བཟོ་དགོཔ་འདུག་ཟེར་ཨིན་པས།
དེ་བཟུམ་སྦེ་ དང་འདོད་ཅན་གྱི་ སྲིད་ཚོགས་གསརཔ་ཅིག་གིས་ འབྲེལ་གཏུགས་འབད་ཡོད་མི་ ཞི་གཡོགཔ་ཅིག་གིས་ སླབ་མིའི་ནང་ སྲིད་ཚོགས་ཚུ་ འདེམས་ངོ་མ་ཐོབ་པར་ དཀའ་ངལ་བྱུང་དོ་ཡོད་པའི་ གནས་སྐབས་འདི་ནང་ འབྲུག་གི་ དམངས་གཙོའི་རིང་ལུགས་གསརཔ་དེ་ སྒྲིང་སྒྲིང་བཟོ་ཐབས་ལུ་ ཞི་གཡོག་གི་འགན་འཁྲིའི་ ཁྲིམས་ལུགས་ཀྱི་དོན་ཚན་ལ་ལུ་ཅིག་ བདེ་སྒྲིག་འབད་དགོཔ་འདུག་ཟེར་ཨིན་པས།
དེ་འབདཝ་ད་ ཞི་གཡོག་ལྷན་ཚོགས་ཀྱི་ལྷན་འཛིན་ བ་ཆུ་ ཕུརཔ་རྡོ་རྗེ་གིས་ སླབ་མིའི་ནང་ ཞི་གཡོག་གི་ཁྲིམས་ལུགས་ལྟར་ འགན་ལེན་ཁས་བླངས་གན་ཡིག་དེ་ ལག་ལེན་འཐབ་དགོཔ་གལ་ཆེ་ཟེར་ཨིན་པའི་ཁར་ གལ་སྲིད་ དགོངས་ཞུ་འབད་དགོ་མནོ་མི་ཚུ་ལུ་ དེ་བཟུམ་མའི་འགན་ལེན་ ཁས་བླངས་གན་ཡིག་ཡོད་དེ་འབད་བ་ཅིན་ དེ་དང་འཁྲིལ་ མ་དངུལ་གཞུང་ལུ་ ལོག་བཏབ་དགོཔ་ཡོད་མི་ཚུ་ཡང་ བཏབ་དགོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གནད་དོན་ག་ཅིའི་དོན་ལུ་ དགོངས་ཞུ་འབདཝ་ཨིན་ན་གི་ དབྱེ་བ་མེད་པར་ འགན་ལེན་ཁས་བླངས་ཀྱི་ གནས་ཡུན་ཚང་དགོཔ་ཡོད་དེ་འབད་བ་ཅིན་ ལམ་ལུགས་དང་འཁྲིལ་ ལག་ལེན་འཐབ་དགོ་ཟེར་ཨིན་པས།
དེ་ཡང་ ག་ཅི་སྦེ་ཟེར་བ་ཅིན་ ཞི་གཡོག་ནང་ཡང་ ཁྱད་ཚད་ཅན་གྱི་ ཞི་གཡོག་དགོཔ་གལ་ཆེ་ཟེར་ཨིནམ་ད་ ཞི་གཡོག་དེ་ གཞུང་སྐྱོང་ནང་ གཏན་འཇགས་ཀྱི་ཡན་ལག་ཅིག་ཨིནམ་ལས་ ཁྱད་ཚད་དང་ལྡན་པའི་ ཞི་གཡོགཔ་དགོཔ་དེ་ ཅོག་ར་འཐད་ཟེར་ཨིན་པས།
བཙག་འཐུའི་ལྷན་འཛིན་སྤྱི་ཁྱབ་ དྲགོས་ཀུན་བཟང་དབང་འདུས་ཀྱིས་ སླབ་མིའི་ནང་ འདས་པའི་ སྤྱི་ལོ་༢༠༠༨ ཀྱི་བཙག་འཐུའི་སྐབས་ལུ་ཡང་ ཞི་གཡོག་ནང་ལས་ དགོངས་ཞུའི་ཐོག་ སྲིད་ཚོགས་ནང་ བཅའ་མར་གཏོགས་ནི་གི་ དང་འདོད་ཡོད་མི་ཚུ་ ཐོན་ཡོད་རུང་ ཞི་གཡོག་གི་ཁྲིམས་ལུགས་ ངོས་ལེན་འབད་ཐོག་ལས་ བདེ་སྒྲིག་འབད་འབདཝ་མེན་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གནད་དོན་དེ་དང་འབྲེལ་བའི་བདག་དབང་དེ་ ཞི་གཡོག་ལྷན་ཚོགས་ལུ་ཡོདཔ་ལས་ ཞི་གཡོག་ལྷན་ཚོགས་ཀྱི་ཕྱག་ལུ་ཨིན་ཟེར་ཨིན་པས།
དེ་དང་འབྲེལ་ ཟླཝ་མང་རབས་ཅིག་གི་རིང་ སྲིད་ཚོགས་གཞི་བཙུགས་ཀྱི་ལཱ་འབད་དེ་ འདེམས་ངོ་འཚོལ་ཞིབ་བའི་བསྒང་ཡོད་མི་ སྲིད་ཚོགས་གསརཔ་ཚུ་གིས་འབད་བ་ཅིན་ གཞུང་དང་གཞུང་མིན་གྱི་ ལས་སྡེ་གཙོ་ཅན་ཚུ་གིས་ མཉམ་འབྲེལ་ཐོག་ ཁྱད་ཚད་དང་ལྡན་པའི་ སྲིད་ཚོགས་གཞི་བཙུགས་ཀྱི་དོན་ལུ་ གནས་སྟངས་ལེགས་ཤོམ་བཟོ་དགོཔ་ཡོད་རུང་ ལ་ལུ་ཅིག་གིས་འབད་བ་ཅིན་ ཁྲིམས་ལུགས་ཚུ་ ཚུལ་མཐུན་ཐོག་ ལག་ལེན་འཐབ་དགོཔ་དེ་ གལ་ཆེ་ཟེར་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་ནང་ལས་ བསྟན་འཛིན་ལེགས་འཕེལ་གྱིས་ སླབ་མིའི་ནང་ སྲིད་དོན་དེ་ གལ་ཅན་ཅིག་ཨིན་རུང་ སྲིད་དོན་ནང་འབྲེལ་གཏོགས་འབད་ནིའི་ དང་འདོད་ཡོད་མི་ཞི་གཡོགཔ་ཚུ་ ཤེས་ཡོན་རྒྱ་བསྐྱེད་དང་ སྦྱོང་བརྡར་ཚུ་འབད་དེ་ གཞུང་དང་གཅིག་ཁར་ འགན་ལེན་ཁས་བླངས་གན་ཡིག་གུ་ མཚན་རྟགས་བཀོད་བཀོདཔ་ཡོད་པ་ཅིན་ དེ་དང་བསྟུན་ཏེ་ར་ ལག་ལེན་འཐབ་དགོ་ཟེར་ཨིན་པས།
བྷུ་ཊཱན་ཀུན་མཉམ་པར་ཊི་གི་ བསོད་ནམས་སྟོབས་རྒྱས་ཀྱིས་འབད་བ་ཅིན་ སེམས་ཀྱི་གདིང་ལས་ར་ སྤྱིར་བཏང་གི་ ཕན་བདེའི་དོན་ལུ་ དང་འདོད་ཡོད་དེ་འབད་བ་ཅིན་ གནད་དོན་ག་ཅི་བཟུམ་ཨིན་རུང་ དང་ལེན་འབད་དགོཔ་ལས་ བཀག་ཆ་འབད་དགོཔ་ཅིག་ མེད་ཟེར་ཨིན་པས།
སྲིད་དོན་ལུ་ དང་འདོད་ཡོད་མི་ཞི་གཡོགཔ་ལ་ལུ་ཅིག་ ད་ལྟོ་ གནས་སྐབས་ཅིག་ ཞི་གཡོག་ནང་ར་ སྡོད་ནི་གི་ཐག་བཅད་རུང་ ལ་ལུ་ཅིག་གིས་ གནས་སྟངས་ག་དེ་སྦེ་འབྱུང་རུང་ དགོངས་ཞུ་འབད་དེ་ བཅའ་མར་གཏོགས་ནི་གི་ འཆར་གཞི་ཡོདཔ་ཨིན་པས།
ཞི་གཡོག་གི་ ཐོ་དེབ་དང་འཁྲིལཝ་ད་ ད་ལྟོ་ ཞི་གཡོགཔ་༢༣,༡༥༡ དེ་ཅིག་ ཡོད་མི་ཚུ་གི་གྲས་ལས་༧,༠༠༠ དེ་ཅིག་གིས་ སྲིད་ཚོགས་ནང་ བཅའ་མར་གཏོགས་ཆོག་པའི་ཤེས་ཚད་ མཐོ་རིམ་ཤེས་ཡོན་མཐར་འཁྱོལ་ཡོད་པའི་ ལག་ཁྱེར་འཆང་མི་ཚུ་ ཡོད་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment