གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སེམས་ཅན་ཚུ་ལུ་ གནོད་སྐྱོན་མེད་ཟེར་མི་དེ་ མི་བདེན་ནི་ཨིནམ།

༢༧/༡༠/༢༠༡༢   ༉ གློག་ཤུགས་མེ་ག་ཝཱཊ་༡,༢༠༠ འབད་མི་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་དང་པ་དང་ མེ་ག་ཝཱཊ་༡,༠༢༠ འབད་མི་ ལས་འགུལ་༢ པ་གིས་ འཛམ་གླིང་ནང་ དཀོན་དྲགས་ཅན་གྱི་ ཆུ་བྱ་དཀརམོ་དང་ ཉ་རིགས་གཱོལ་ཌན་མ་ཤིར་ དེ་ལས་ བྱ་དགྭོ་ལུ་གནོད་སྐྱོན་མེད་ཟེར་ སླབ་ཨིན་པས།

རབས་ཆད་ནིའི་ ཉེན་ཁ་ཡོད་པའི་ ཆུ་བྱ་དཀརམོ།

དཀོན་དྲགས་ཅན་གྱི་ བྱ་དང་ཉ་ཚུ་ གློག་མེ་ལས་འགུལ་གྱི་ལཱ་འབད་ས་ དགའ་སེང་ཚོ་འོགམ་རྒེད་འོག་ལས་མར་བཅད་དང་ རྐ་མེད་ཆུ་ཡར་བཅད་ ཀི་ལོ་མི་ཊར་༤༠ དེ་ཅིག་གི་ ས་ཁོངས་ནང་ འཁྱམས་སྡོད་དོ་ཡོདཔ་ཨིན་པས།
སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༢ པའི་ རང་བཞིན་གནས་སྟངས་འགོ་དཔོན་ སངས་རྒྱས་རྡོ་རྗེ་གིས་ སླབ་མིའི་ནང་ གཙང་ཆུ་དེ་ ཆུ་དུང་ནང་བཏང་རུང་ སེམས་ཅན་དེ་ཚུ་ལུ་ གནོད་སྐྱོན་མི་རྐྱབ་ཟེར་ཨིནམ་ད་ དེ་ཡང་ གཙང་ཆུ་ནང་ ཉ་རིགས་ཚུ་ ཨ་རྟག་ག་ཨིནམ་སྦེ་ བཞག་ཐབས་ལུ་ ལས་འགུལ་གྱིས་ དངུལ་ཀྲམ་ས་ཡ་༢ དེ་ཅིག་ ཟད་འགྲོ་བཏང་ཐོག་ལས་ དབང་འདུས་ ར་སྦུག་ནང་ལུ་ ཉ་གསོ་སྐྱོང་ཁང་བཟོ་མི་དེ་ ཤུལ་ལས་ སྤུ་ན་གཙང་ཆུ་ ཆུ་དུང་ནང་གཏང་པའི་སྐབས་ གཏང་ནི་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཆུ་བྱ་དཀརམོ་དེ་ ཉ་ལུ་བརྟེན་སྡོད་དོ་ཡོདཔ་ལས་ ཉ་ཡོད་པ་ཅིན་ རང་བཞིན་གྱིས་ བྱ་ཚུ་ འཁྱམས་སྡོད་ཚུགས་ཟེར་ཨིནམ་ད་ ཨིན་རུང་ རྒྱལ་འཛིན་རང་བཞིན་སྲུང་སྐྱོབ་ཚོགས་སྡེའི་ ཆུ་བྱ་དཀརམོ་མཁས་མཆོག་ རི་བི་ཀ་གིས་འབད་བ་ཅིན་ གཙང་ཆུ་དེ་ ཆུ་དུང་ནང་གཏང་པའི་སྐབས་ ཉ་འཁྱམས་སའི་ ས་གོ་མེདཔ་གཏང་ནི་ཨིནམ་ལས་ ཆུ་བྱ་དཀརམོ་ལུ་ གནོད་སྐྱོན་རྐྱབ་འོང་ཟེར་ཨིན་པས།
རང་བཞིན་གནས་སྟངས་མཁས་མཆོག་ སངས་རྒྱས་རྡོ་རྗེ་གིས་འབད་བ་ཅིན་ ད་ལྟོ་ ལས་འགུལ་གྱིས་ བྱ་གསོ་སྐྱོང་གི་དོན་ལུ་ དངུལ་ཀྲམ་ས་ཡ་༢ དེ་ཅིག་ བྱིན་མི་དེ་གིས་ ལས་འགུལ་བཟོ་སྐྲུན་འབད་བའི་སྐབས་ལུ་ བྱ་ཚུ་ ཉེན་སྐྱོབ་འབད་ནིའི་དོན་ལུ་ཨིན་ཟེར་ སླབ་ཨིན་པས།
ཨིན་རུང་ རི་བི་ཀ་གིས་ སླབ་མིའི་ནང་ གཙང་ཆུའི་མཐའམ་བདའ་སྟེ་ ལྕགས་སྐུད་རཝ་གུ་ཕོག་སྟེ་ བྱ་༢ ཤི་སོ་པའི་ཁར་ གཙང་ཆུ་ནང་ལས་ བྱེམ་བཏོན་པའི་སྐབས་ ཆུ་གཏིང་ཟབ་འགྱོ་མི་དེ་གིས་ བྱ་ཚུ་ ཉ་མ་ཐོབ་པའི་དཀའ་ངལ་འདུག་ཟེར་ཨིན་པས།
དེ་ལས་ གཱོལ་ཌན་མ་ཤིར་གྱི་ཐད་ལུ་ལྷོདཔ་ད་ སངས་རྒྱས་རྡོ་རྗེ་གིས་ སླབ་མིའི་ནང་ ཉ་རིགས་དེ་ སྤུ་ན་གཙང་ཆུ་ལས་འགུལ་༢ པའི་ འཕྲུལ་ཨམ་ལས་ ཀི་ལོ་མི་ཊར་༢ དེ་ཅིག་གི་ ས་ཁོངས་མར་བཅད་ རྐྱངམ་གཅིག་འོང་ནི་ཡོདཔ་ལས་ གཙང་ཆུ་བཅད་བཞག་རུང་ གནད་སྐྱོན་མེད་ཟེར་ཨིན་པས།
ཨིན་རུང་ ཧཱ་ལུ་ཡོད་པའི་ རྒྱལ་ཡོངས་ཉ་གསོ་སྐྱོང་ལྟེ་བའི་ ལས་འགུལ་མདོ་ཆེན་ སེངྒེ་ཚེ་རིང་གིས་ སླབ་མིའི་ནང་ གཙང་ཆུ་ནང་ ཆུ་རྫིང་རྐྱབ་པའི་སྐབས་ དཀོན་དྲགས་ཅན་གྱི་ ཉ་དེ་གིས་ སྒོང་རྡོག་འབུད་སའི་ ས་གོ་མེདཔ་གཏང་འོང་ཟེར་ཨིན་པས།
བྱ་དགྭོ་གི་ཐད་ཁར་ སངས་རྒྱས་རྡོ་རྗེ་གིས་འབད་བ་ཅིན་ བཟོ་སྐྲུན་གྱི་ལཱ་ཚུ་ རང་བཞིན་གནས་སྟངས་ལུ་ ཉམས་སྐྱོན་མེད་པའི་ཐོག་ལས་ འབད་དོ་ཡོདཔ་ལས་ བྱ་འཁྱམས་སྡོད་སའི་ ཤིང་སྦོམ་ཚུ་མ་བཏོག་པར་ བཞག་ནི་དེ་གིས་ གནོད་སྐྱོང་མེད་ཟེར་ སླབ་པའི་གནས་ཚུལ།


དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment