གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཧེ་མེསི་ལྷ་ཁང་གི་ རྒྱབ་ཁུངས་མདོར་བསྡུས།

འབྲུག་པ་བཀའ་བརྒྱུད་པའི་ བླ་སྤྲུལ་ཚུ་ ཞལ་འཛོམས་གནང་པའི་བསྒང་།
 ༢༩/༡༠/༡༢། ༉ རྒྱ་གར་གྱི་མངའ་སྡེ་ ལ་དྭགས་ལུ་ ལྷ་ཁང་ལེ་ཤ་ཡོད་པའི་གྲས་ལས་ རྩ་ཆེ་ཤོས་དེ་ར་ ལ་དྭགས་གནམ་ཐང་ལས་ ཀི་ལོ་མི་ཊར་༤༥ དེ་ཅིག་གི་ས་ཁར་ གངས་རི་ཅིག་གི་རྩ་བར་ ཆགས་ཏེ་ཡོད་པའི་ ཧེ་མེསི་ལྷ་ཁང་དེ་ཨིན་པས།

ལྷ་ཁང་དེ་ནང་ འགྱོ་བའི་སྐབས་ལུ་ ལཱེ་གནམ་ཐང་ལས་ ལཱེ་དང་ མ་ན་ལིའི་ གཞུང་ལམ་བདའ་སྟེ་ ཀི་ལོ་མི་ཊར་༣༥ དེ་ཅིག་གི་ས་ཁར་ ས་གནས་ཀ་རུ་ཟེར་སར་ལྷོདཔ་ད་ ཨིན་ཌསི་གཙང་ཆུ་བརྒལ་ཏེ་ གཡས་ཕྱོགས་ལས་ ཁ་ཡར་བལྟ་སྟེ་ འགྲོ་འགྲུལ་འབད་དགོཔ་ཨིན་པས།

ཀ་རུ་ལུ་ ཁྲོམ་ཆུང་ཀུ་ཅིག་ཡང་ཡོདཔ་ད་ གནམ་ཐང་ལས་ དགོན་པ་དེ་ཁར་ལྷོད་ནི་ལུ་ བསྡོམས་ཀྱིས་ ཀི་ལོ་མི་ཊར་༤༥ དེ་ཅིག་ཡོདཔ་མ་ཚད་ ས་གནས་དེ་ རྒེད་འོག་ལྟེ་བ་ཨིན་པས།

དགོན་པ་དེ་ཁར་ ལྷོད་པའི་སྐབས་ ས་ཁོངས་དེ་ རྩྭ་དང་ ཤིང་ཚུ་ ག་ཅི་ཡང་མེད་པའི་ གངས་རི་གིས་སྐོར་བའི་ཁར་ ཁྲོམ་ཁར་ལས་ ཐག་རིང་སར་འབད་ནི་དེ་གིས་ གཞན་མི་གཡུས་ཚན་ཚུ་ མཐོང་མི་ཚུགས་དོ་ཡོདཔ་ཨིན་རུང་ སེམས་དགའ་ཏོག་ཏོ་སྦེ་ ཡོདཔ་ཨིན་པས།


དགོན་པ་དེ་གི་སྒོ་ཁར་ གསལ་བཀོད་འབད་བཞག་མི་ བརྡ་བྱང་དང་འཁྲིལ་བ་ཅིན་ དགོན་པ་དེ་ སྤྱིལོ་༡༦༣༠ དེ་ཅིག་ལུ་ དེ་བསྒང་ ལ་དྭགས་ཀྱི་ རྒྱལཔོ་སྦེ་སྡོད་མི་ སེངྒེ་རྣམ་རྒྱལ་གྱི་ རྩ་བའི་བླམ་ སྟག་སང་རས་པ་ སྐུ་གཞོགས་ཤཱམ་བུ་ནཱཐ་གིས་ བཞེངས་ཡོདཔ་ཨིན་པས།

ཧེ་མེསི་དགོན་པའི་མགྲོན་གཉེར་ མཁན་པོ་དངོས་སྒྲོན་གྱིས་ 
ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་ལུ་ ཕེབས་བསུ་ཞུ་བའི་བསྒང་།

དེ་གི་ཤུལ་ལས་ སྤྱི་ལོ་༡༧༣༠ གི་ལོ་ལུ་ སྐུ་གཞོགས་སྟག་སང་རས་པའི་ སྐུ་ཕྲེང་༣ པ་ རྒྱལ་གསང་རིན་པོ་ཆེ་གིས་ ལྷ་ཁང་ཚུ་ མངམ་སྦེ་བཞེངས་ཐོག་ལས་ བརྒྱ་བསྐྱེད་འབད་ཡོདཔ་སྦེ་ རྒྱལ་རབས་ནང་ བཀོད་དེ་ཡོདཔ་ད་ དེ་ནང་ བླམ་ཁོ་རའི་ཕྱག་བཟོ་ ལྡེབས་རིས་ཚུ་ཡང་ཡོདཔ་སྦེ་ རྒྱལ་རབས་ནང་ བཀོད་ནུག།

ལྷ་ཁང་དེ་ནང་ འབྲུག་པ་བཀའ་བརྒྱུད་པའི་ སློབ་གྲྭ་ཡང་ གཞི་བཙུགས་འབད་དེ་ཡོདཔ་བཞིན་དུ་ ལྷ་ཁང་དེ་གི་ དབུ་ཁྲིད་དེ་ཡང་ རྒྱལ་དབང་འབྲུག་ཆེན་ཨིནམ་ད་ སློབ་གྲྭ་དེ་ དུས་རབས་༡༣ པའི་ནང་ གཞི་བཙུགས་གནང་ཡོདཔ་ཨིན་པས།


ལྷ་ཁང་དེ་ནང་ བོད་ཟླ་༥ པའི་ཚེས་༡༠ ལས་འགོ་བཙུགས་ཏེ་ ཉིན་གྲངས་༢ ཀྱི་རིང་ དུས་ཆོད་ཚེས་བཅུ་ གནང་དོ་ཡོདཔ་ད་ དེ་བསྒང་ སྐུ་འཆམ་ཚུ་ མི་མང་ལུ་ སྤྱན་འབུལ་ཞུ་དོ་ཡོདཔ་ད་ དགོན་པ་དེ་ནང་ཡོད་པའི་ གུ་རུའི་མཐོང་གྲོལ་དེ་ ལོ་༡༢ ཀྱི་བར་ན་ གནམ་ལོ་སྤྲེལ་ལོ་ཚུ་ནང་ ཚར་རེ་ འདུ་ཁང་གི་ གྱང་གུ་ལས་མར་ དཔྱངས་ཐོག་ལས་ མཇལ་ཁ་གནང་དོ་ཡོདཔ་ཨིན་པས།


དགོན་པའི་ཁྲིམས་བདག་ སློབ་དཔོན་རྡོ་རྗེ་གིས་འབད་བ་ཅིན་ རིང་ཚད་ཁྱིམ་ཐོག་༣ དེ་ཅིག་འབད་མི་ མཐོང་གྲོལ་དེ་ ལྷ་ཁང་གི་ནང་རྟེན་ཚུ་གི་གྲས་ལས་ རྩ་ཅན་ཅིག་ཨིན་ཟེར་ཨིན་པས།

ཧེ་མེསི་ལྷ་ཁང་།

ཁོ་གིས་ སླབ་མིའི་ནང་ ཚེས་བཅུའི་སྐབས་ལུ་ སྐུ་འཆམ་གྱི་རིགས་མ་འདྲཝ་ ལེ་ཤ་ཅིག་ར་ མི་མང་ལུ་ སྤྱན་འབུལ་ཕུལ་ནི་ཡོད་མི་ཚུ་གི་གྲས་ལས་ གུ་རུ་མཚན་བརྒྱད་དང་ བོན་གྱི་དཔོན་ གླང་དར་མ་ ཐར་བཤུད་བཏང་བའི་ཚུལ་གྱི་ སྐུ་འཆམ་ཚུ་ཨིན་ཟེར་ཨིན་པས།

དགོན་པའི་འགོ་དཔོན་ཚུ་གིས་ བཤད་མིའི་ནང་ འདུ་ཁང་ནང་ ཤཱཀྱ་མུ་ནེའི་སྐུ་འདྲ་སྦོམ་ཅིག་ནང་ དེ་གི་རྒྱབ་ཁར་ བྱང་ཆུབ་མཆོད་རྟེན་༣ ཡོད་ཟེར་ཨིན་པས།


དེ་ལས་ ལྷ་ཁང་གསརཔ་ཚུ་གི་ རྒྱབ་ཁར་ཡོད་པའི་ ལྷ་ཁང་རྙིངམ་དེ་ནང་ རྗེ་བཙུན་སྒྲོལ་མ་ གསུང་བྱོནམ་གི་ སྐུ་འདྲ་༡ ཡོད་མི་དེ་ ནང་རྟེན་རྩ་ཅན་ཅིན་ཨིན་ཟེར་ འགོ་དཔོན་ཚུ་གིས་ སླབ་ཡོདཔ་ད་ དགོན་པ་དེ་ནང་ ད་རེས་ དགེ་སློང་ཞལ་གླངས་༣༥༠ དེ་ཅིག་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment