གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ན་གཞོན་ཚུ་གིས་ ཇ་པཱན་ལུ་ ས་ཡོམ་གྱིས་ གནོད་སྐྱོན་བྱུང་མི་ས་ཁོངས་ནང་ལྟ་སྐོར་དང་ ཉམས་མྱོང་བརྗེ་སོར།

༡༨/༡༠/༢༠༡༢   ༉ སྐྱེས་ལོ་༡༤ འོག་རྒྱུ་འབད་མི་ན་གཞོན་ རྐང་རྩེད་འགྲན་བསྡུར་འབད་བར་འགྱོ་མི་ཚུ་གིས་ ཨའེ་བཱ་ར་ཀི་ པྲི་ཕེག་ཀྲུ་རཱལ་ ཨོ་ཊ་དའེ་ ཨའེ་ཅི་ སློབ་གྲྭ་གོང་མའི་ནང་ ལས་རིམ་ཚུ་ ཕན་ཚུན་གྱི་བར་ན་བརྗེ་སོར་འབད་ཡོདཔ་ཨིན་པས།
འབྲུག་པའི་སློབ་ཕྲུག་བུཚ་ཚུ་གིས སོག་མའི་ཐགཔ་འཁལ་ཏེ་ མཁོ་ཆས་བཟོ་བའི་བསྒང་།


ན་གཞོན་ཚུ་གིས་ ཇ་པཱན་དང་ ལྷོ་ཨེ་ཤི་ཡའི་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ ཕུཊ་བཱོལ་བརྗེ་སོར་ལས་རིམ་ནང་ འབྲུག་དང་ བང་ལ་དེཤ་ དེ་ལས་ ཨཱཕ་ག་ནིསི་ཊཱན་གྱི་ ན་གཞོན་ཚུ་གིས་ ས་ཡོམ་ལས་བརྟེན་པའི་གནོད་སྐྱོན་བྱུང་མི་ སློབ་གྲྭ་ཆེ་བ་ནང་ ལྟ་སྐོར་འབད་ཡོདཔ་ཨིན་པས།
ལྷོ་ཨེ་ཤི་ཡ་ ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ རྒྱལ་ཁབ་ཀྱི་ན་གཞོན་ཚུ་ སློབ་ཁང་ནང་སོང་ཞིནམ་ལས་ སྤྲོ་བ་ཆེ་བའི་ལས་རིམ་ དཔེ་འབད་བ་ཅིན་ ཕན་ཚུན་གྱི་བར་ན་ འབྲེལ་བ་འཐབ་ནི་ རང་གི་ཁ་སྐད་ཀྱི་སྐོར་ལས་སླབ་ནི་ ལམ་སྲོལ་དང་ རྒྱལ་ཁབ་ཀྱི་ངོ་རྟགས་ དེ་ལས་ ལྷག་པར་དུ་ཡང་ སློབ་ཕྲུག་གཞན་ཚུ་གིས་ སྤྲོ་བ་བསྐྱེད་ཚུགས་པའི་ རྒྱལ་ཡོངས་གྱོན་ཆས་ཀྱི་སྐོར་ལས་ ལས་རིམ་སྣ་ཚོགས་ཚུ་ བརྗེ་སོར་ འབད་ཡོདཔ་ཨིན་པས།
སློབ་གྲྭའི་དབུ་འཛིན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ དུས་ཡུན་ཐུང་ཀུ་ཅིག་ནང་ ན་གཞོན་ཚུ་གི་བར་ནའི་ བརྗེ་སོར་ལས་རིམ་དེ་ འབྲུག་པའི་སློབ་ཕྲུག་ཚུ་གིས་ ཁོང་རའི་ཉམས་མྱོང་ཚུ་ བརྗེ་སོར་འབད་མི་ལུ་བརྟེན་ ཁོང་གི་སྡུག་བསྔལ་ཚུ་ བསལ་ཚུགས་ཅི་ཟེར་ཨིནམ་ད་ སློབ་ཕྲུག་ཚུ་གིས་ ས་ཡོམ་ལས་བརྟེན་པའི་གནོད་སྐྱོན་དང་ ཉམས་མྱོང་ཚུ་གི་སྐོར་ལས་ ཧ་གོ་ཡོདཔ་མ་ཚད་ ཇ་པཱན་གྱི་ ཤེས་རིག་ལམ་ལུགས་སྐོར་ལས་ཡང་ ཤེས་རྟོགས་བྱུང་ཚུགས་ཅི་ཟེར་ཨིན་པས།
འབྲུག་པའི་སྡེ་ཚན་ནང་ལས་ རྩེད་འགྲན་པ་ ཟླ་བ་ཚེ་རིང་གིས་སླབ་དོ་བཟུམ་འབད་བ་ཅིན་ ཇ་པཱན་གྱི་སློབ་ཕྲུག་ཚུ་དང་གཅིག་ཁར་ ལས་རིམ་ བརྗེ་སོར་འབད་ཚུགས་མི་དེ་ གོ་སྐབས་བཟང་པོ་ཅིག་ཨིན་པས་ཟེར་ཨིན་པས།
ཡེ་ཤེས་རྡོ་རྗེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ འབྲུག་པའི་སློབ་ཕྲུག་ཚུ་ དྲི་བའི་ལན་སླབ་ནི་ལུ་ ངོ་ཚ་སྡོདཔ་མས་ཟེར་ཨིནམ་ད་ ཁོ་གིས་ བརྗེ་སོར་ལས་རིམ་ལུ་བརྟེན་ ཇ་པཱན་གྱི་སློབ་ཕྲུག་ཚུ་ལས་ ཡོན་ཏན་གསརཔ་ལེ་ཤ་ཅིག་ར་ ལྷབ་ཅི་ཟེར་ དཔའ་ཉམས་དང་ དགའ་སྤྲོ་བསྐྱེདཔ་ཨིན་པས།
ཇ་པཱན་གྱི་སློབ་ཕྲུག་ཅིག་གིས་ བཤད་མིའི་ནང་ ཀི་ཟུ་ནའི་ལས་འགུལ་གྱིས་ ས་ཡོམ་ལས་བརྟེན་པའི་སྡུག་བསྔལ་ བསངས་ཐབས་ལུ་ ཆ་རོགས་འབད་མི་དེ་ལུ་ བཀའ་དྲིན་བསམ་ནི་དང་ ལྷག་པར་དུ་ཡང་ ང་བཅས་ལུ་ ཆ་རོགས་འབད་མི་ཚུ་ལུ་ བཀའ་དྲིན་བསམ་ནི་ཨིནམ་མ་ཚད་ འབྲུག་པའི་སློབ་ཕྲུག་ཚུ་དང་གཅིག་ཁར་ ཕྱད་ཚུགསཔ་ལས་ ཁ་རྗེ་བཟང་བའི་ཁར་ འབྲུག་རྒྱལ་ཁབ་དེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཐོག་ལུ་ ག་དེ་སྦེ་གནས་ནུག་ག་ བལྟ་བ་འོང་ནིའི་རེ་བ་དང་ སྨོན་ལམ་བཏབ་དོ་ཟེར་ཨིན་པས།
སློབ་གྲྭའི་བརྗེ་སོར་ལས་རིམ་གྱི་ཤུལ་ལས་ ཧི་ཏ་ཅིའོ་མི་ཡ་ཁྲོམ་སྡེ་ནང་ རྡུལ་ཕྲན་གྱིས་ གནོད་སྐྱོན་རྐྱབ་སར་ཨེ་པཱལ་གྱི་ཤིང་ཚུ་ མི་སྡེའི་ཞིང་ནང་ བཙུགས་ཡོདཔ་ཨིན་པས།
སྤྱི་ཟླ་༡༠ པའི་ ཚེས་༡༦ ལུ་ མེ་རྐྱེན་ལས་བརྟེན་པའི་ས་ཁོངས་མེདཔ་བཏང་མི་ཚུ་ རྐྱེན་ངན་བཟློག་ཐབས་སྐོར་ལས་ འགོ་དཔོན་གྱིས་ ན་གཞོན་ཚུ་ལུ་ བཤད་ཡོདཔ་ད་ མ་འོངས་པ་ལུ་ རྐྱེན་ངན་མི་འབྱུང་ནིའི་ཐབས་ལམ་ཚུ་ ག་དེ་སྦེ་བཏོན་ནི་ཨིན་ནའི་སྐོར་ལས་ ན་གཞོན་ཚུ་ལུ་ གོ་བ་བརྡ་སྤྲོད་འབད་ཡོདཔ་ད་ རྐྱེན་ངན་ཚུ་སྔོན་འགོག་འབད་ཐབས་ལུ་ མི་མང་ལུ་གསལ་བཤད་འབད་དགོཔ་ཁག་ཆེ་ཟེར་ འགོ་དཔོན་གྱིས་གསལ་བཤད་འབད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ར་ ས་གནས་ཀྱི་མི་རྒན་ཤོས་ཚུ་གིས་ ཁྱིམ་ནང་སོང་སྟེ་ བཟོ་སྐྲུན་ལཱ་གི་མཐུན་རྐྱེན་ དཔེ་འབད་བ་ཅིན་ ལག་བཟོ་ཚུ་ ག་དེ་སྦེ་བཟོཝ་ཨིན་ནའི་སྐོར་ལས་ མི་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་ཡོདཔ་མ་ཚད་ དེ་ཚུ་བཟོ་ཐངས་ཚུ་ལྷབ་ཡོདཔ་ད་ ས་ཡོམ་འོང་པའི་དུས་ཚོད་དང་ གནོད་སྐྱོན་རྐྱབ་པའི་ཤུལ་ལུ་ གནས་སྟངས་ག་ཅི་བཟུམ་སྦེ་ སྡོདཔ་ཨིན་ནའི་ས་ཁོངས་ཚུ་ནང་ ལྟ་སྐོར་འབད་ཡོདཔ་ཨིན་པས།
ན་གཞོན་ཚུ་ ཉིན་གྲངས་༢ ཀྱི་རིང་ ཨའི་བ་ར་ཀི་ལུ་སྡོད་པའི་ཤུལ་ལུ་ ཁ་ཙ་ ཊོ་ཀི་ཡོ་ལུ་ ལོག་ལྷོད་ཞིནམ་ལས་ རྒྱལ་ཁབ་ཀྱི་ ན་གཞོན་ཚུ་གིས་ ག་ཅི་ར་འབད་ཡི་ག་ དེ་གི་སྐོར་ལས་ སྙན་ཞུ་འབད་དགོཔ་ད་ སྤྱི་ཟླ་༡༠ པའི་ཚེས་༩ ལས་འགོ་བཙུགས་མི་ ལས་རིམ་དེ་ སྤྱི་ཚེས་༢༠ ལུ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment