གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མ་དངུལ་ས་ཡ་༡༢,༤༥༥ གི་ཐོག་ལས་ ཆུ་རྫིང་རྐྱབ་དོ་ཡོདཔ།

༡༨/༡༠/༢༠༡༢   ༉ ཁ་ཙ་ཚུན་ཚོད་སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་དང་པའི་ཆུ་རྫིང་རྐྱབ་ནིའི་དོན་ལུ་དོང་ཀུ་བིག་མི་ཊར་ས་ཡ་༢.༧ དེ་ཅིག་ བརྐོ་ཚར་ཡོདཔ་ད་ ལྷག་ལུས་ཀུ་བིག་མི་ཊར་ས་ཡ་༡.༨ དེ་སང་ཕོད་སྤྱི་ཟླ་༡༠པའི་ནང་མཇུག་བསྡུ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ གློག་མེ་ལས་འགུལ་གྱི་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
སྤུ་ན་གཙང་ཆུ་དང་པའི་དོན་ལུ་ རྐྱབ་པའི་བསྒང་ཡོད་མི་ཆུ་རྫིང་།


གློག་ཤུགས་མེ་ག་ཝཱཊ་༡,༢༠༠ འབད་མིའི་དོན་ལུ་ཆུ་རྫིང་རིང་ཚད་མི་ཊར་༡༣༦དེ་ས་འོག་ལུ་ དོང་མི་ཊར་༧༠དེ་ཅིག་བརྐོ་ཐོག་ལས་ རྐྱབ་ནི་ཨིནམ་ད་གློག་མེ་ལས་འགུལ་གྱི་ཆུ་རྫིང་སྡེ་ཚན་ལས་བཟོ་རིག་བཀོད་ཁྱབ་འགོ་དཔོན་ར་མཱིསི་ཤི་ཤ་གིས་ སླབ་མིའི་ནང་ ས་འོག་ལུ་ དོང་མི་ཊར་༧༠བརྐོ་དགོ་མི་དེ་རྡོའི་རང་བཞིན་བརྟན་ཏོག་ཏོ་མེད་ནི་དེ་གིས་ཨིནམ་ད་ གལ་སྲིད་ རྡོའི་རང་བཞིན་བརྟན་ཏོག་ཏོ་མེད་པ་ཅིན་ཆུ་རྫིང་སྒྲིང་སྒྲིང་གནས་མི་ཚུགས་ཟེར་ར་མཱིས་ཤི་ཤ་གིས་ སླབ་ཨིན་པས།
ཆུ་རྫིང་གི་དོན་ལུ་ ལཱ་སྦོམ་ཤོས་ཁག་༣ལུ་དབྱེ་སྟེ་འབད་མི་ལས་རིང་ཚད་མི་ཊར་༢,༧༢༤ འབད་མི་གཙང་ཆུ་ཁ་སྒྱུར་གྱི་ ས་འོག་ཆུ་ལམ་༢པ་དེ་ན་ཧིང་སྤྱི་ཟླ་༡༡པའི་ནང་ རྐྱབ་ཚར་ཡོདཔ་ད་ ད་རེས་ཆུ་རྫིང་རྐྱབ་ནིའི་དོན་ལུ་ ལཱ་འབད་མི་དེ་ ས་འོག་གི་ ཆུ་ལམ་དེ་གི་ཐོག་ལུ་སྤུ་ན་གཙང་ཆུ་ཁ་སྒྱུར་ཏེ་ས་གནས་གཞན་ཁ་ལས་ བཏོན་གཏང་ཐབས་ལུ་ཨིནམ་ད་ ཁ་སྒྱུར་གྱི་ ས་འོག་ཆུ་ལམ་དེ་དངུལ་ཀྲམ་ས་ཡ་༣,༠༠༠ སྦེ་ རྐྱབ་ཡོདཔ་ཨིན་པས།
དེ་ལས་ དབྱེ་ཁག་༢པ་དེ་ཀོ་ཕར་ཌེམ་ཟེར་ཆུ་རྫིང་ནང་ ཆུ་འཛུལ་ནི་ བཀག་ཐབས་ལུ་རྐྱབ་མི་གྱང་རྩིག་༢ཡོད་ས་ལས་ ལྟག་གི་དོན་ལུ་ས་དང་རྡོ་རག་རོ་བརྐོ་ཚར་ཏེ་རྩི་ས་གཏང་ནི་གི་ ལཱ་འབད་བའི་བསྒང་ཡོད་མི་དེ་ དུས་ཅི་སྤྱི་ཟླ་༡༡པའི་ནང་མཇུག་བསྡུ་ནི་ཨིནམ་ད་ཆུ་རྫིང་༢པ་དེ་མ་དངུལ་ས་ཡ་༢,༥༠༠ གི་ཐོག་ལུ་རྐྱབ་དོ་ཡོདཔ་ཨིན་པས།
དེ་ལས་ ཆུ་རྫིང་ལས་གློག་མེ་འཕྲུལ་ཨམ་ནང་ས་འོག་ཆུ་ལམ་༤གི་ཐོག་ལས་གཙང་ཆུ་གཏང་ནི་ཨིན་མི་ཨིན་ཊེཀ་ཊ་ནཱལ་༤ལས་༢འདས་པའི་ཟླཝ་ནང་མཇུག་བསྡུ་ཡོདཔ་ལས་ ད་ལྟོ་ ས་འོག་གི་ ཆུ་ལམ་༢ཀྱི་ལཱ་དེ་ཡང་འཕྲལ་མགྱོགས་ར་ འགོ་བཙུགས་ནི་ཨིན་པས།
ཨིན་ཊེཀ་ཊ་ནཱལ་ལས་ མཐུད་ནི་ཨིན་མི་ད་རུང་ས་འོག་ཆུ་ལམ་༤རྩི་ས་ལག་ལེན་འཐབ་ཐོག་ལས་རྐྱབ་ནི་ འགོ་བཙུགས་ཡོདཔ་ད་ ཆུ་ལམ་སྦོམ་ཤོས་ཨེཆ་ཨར་ཊི་ལུ་མཐུད་མི་ཆུ་དུང་ཆུང་བ་༤པོ་དེ་གིས་ ཆུ་དང་གཅིག་ཁར་འོང་མི་འདམ་དང་ རག་རོ་ཚུ་བཙགས་ཞིནམ་ལས་ཆུ་གཙང་ཏོང་ཏོ་བཟོ་སྟེ་ཆུ་ལམ་སྦོམ་ཤོས་ནང་གཏང་ནི་ཨིན་པས།
ཆུ་རྫིང་རྐྱབ་ནི་གི་ལཱ་ཚུ་ རྒྱ་གར་གྱི་ བཟོ་སྐྲུན་ལས་སྡེ་ཨེལ་ཨེན་ཊིལུ་སྤྱི་ལོ་༢༠༠༩ལུ་མ་དངུལ་ས་ཡ་༡༢,༤༥༥ གི་ཐོག་ལུ་ སྤྲོད་ཡོདཔ་ད་ ལཱ་དེ་ཟླཝ་༦༦གི་ནང་འཁོད་ལུ་ མཇུག་བསྡུ་དགོཔ་ཨིན་པའི་གནས་ཚུལ།


དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment