གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གླིང་བཞི་རྫོང་གི་ ཉམས་གསོའི་ལཱ་ཚུ་ འཆར་གཞི་༡༠ པའི་དོན་ལུ་ ཕྱིས་ཡོདཔ།

༢༦/༡༠/༢༠༡༢   ༉ དུས་ཅི་ སྤྱི་ཟླ་༩ པའི་ནང་ ཐོག་ཚད་༣ འབད་མི་ གླིང་བཞི་གཡུལ་རྒྱལ་རྫོང་ ཐོག་ཚད་༢ ལུ་ མར་ཕབ་རྐྱབ་མི་དེ་ཡང་ མ་འོངས་པ་ལུ་ ས་ཡོམ་ས་སོགས་པའི་ རང་བཞིན་གྱི་རྐྱེན་ངན་ཚུ་ལས་ སྔོན་འགོག་འབད་ནིའི་དོན་ལུ་ཨིན་པས།


གླིང་བཞི་རྫོང་དེ་ རྒྱ་མཚོའི་གནས་ཚད་ལས་ མཐོ་ཚད་མི་ཊར་༤,༣༠༠ དེ་ཅིག་ལུ་ སྤོ་ཏོག་ཅིག་གུ་ ཆགས་ཏེ་ཡོདཔ་ཨིན་པས།
རྫོང་གི་ཕྱོགས་གཅིག་ལུ་ རླུང་ཁ་ཕོག་མི་ལུ་བརྟེན་ རླུང་མ་དང་ ཆརཔ་གིས་ རྩིགཔ་ཚུ་ལུ་ གནོད་སྐྱོན་རྐྱབ་སྟེ་ འཕྲལ་འཕྲལ་སྦེ་ར་ རམ་འགྱོ་དོ་ཡོད་པའི་ཁར་ འདས་པའི་ས་ཡོམ་ཀྱིས་ ཧེང་སྐལ་ར་ མེདཔ་བཏང་ཡོདཔ་ཨིན་པས།
དུས་རབས་༡༦ པའི་ནང་བཞེངས་མི་ རྫོང་གཞི་དེ་ སྡེ་སྲིད་ཁྲི་རབས་༣ པ་ ཆོས་རྒྱལ་མི་འགྱུར་བསྟན་པ་གིས་ བོད་དམག་ལས་ རྒྱལ་ཁ་ཐོབ་པའི་ རྟགས་མཚན་ལུ་ བཞེངས་ཡོདཔ་ཨིན་པས།
ད་རེས་ཀྱི་ གནས་སྟངས་ནང་ རྫོང་གཞི་དེ་ འདས་པའི་ས་ཡོམ་ལུ་བརྟེན་ ཉམས་སྐྱོན་སྦོམ་ཞུགས་ཡོདཔ་ལས་ ནང་རྟེན་ཚུ་ གནས་སྐབས་ཅིག་གི་དོན་ལུ་ ས་གནས་ཀྱི་ གཞི་རྟེན་སྨན་ཁང་ནང་ བཞག་ཡོདཔ་ཨིན་པས།
རྫོང་ནང་བཞུགས་མི་ རབ་སྡེའི་དགེ་སློང་ཚུ་ རྒེད་འོག་གི་ཡིག་ཚང་ནང་ སྤོ་བཤུད་འབད་ཡོདཔ་ཨིན་པས།
དགེ་འདུན་སློབ་གྲྭའི་ སློབ་སྟོན་ལས་རིམ་ཚུ་ཡང་ འཛམ་གླིང་སྤྱི་ཚོགས་ཨ་ལུའི་མ་དངུལ་ ཡུ་ནི་སི་ཨེཕ་གིས་ གྲོགས་རམ་བྱིན་མི་གུར་ སྤུབས་མི་ཚུ་ནང་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
གླིང་བཞི་གི་ བླམ་གནས་བརྟན་ བཙན་སྐྱོགས་ཀྱིས་ སླབ་མིའི་ནང་ རབ་སྡེའི་དགེ་སློང་༣༥ ཡོད་མི་ཚུ་གི་དོན་ལུ་ ས་གོ་ཆུང་དྲགཔ་ལས་ བཞེས་སྒོ་ཚུ་ཡང་ ཐབ་ཤིང་ལག་ལེན་འཐབ་སྟེ་ འབད་དགོ་པའི་ཁར་ སྤང་ནང་ཐོན་ཏེ་ ལྟོ་བཟའ་དགོ་པའི་ དཀའ་ངལ་བྱུང་སྟེ་ ཡོད་ཟེར་ཨིན་པས།
དེ་མ་ཚད་ གུར་ནང་སྦེ་ ཉིན་བསྟར་གྱི་ སློབ་སྟོན་ཚུ་འབད་དགོཔ་ད་ གནམ་དགུན་གྱི་དུས་ཚོད་ལུ་ ཁཝ་རྐྱབ་པའི་ཁར་ རླུང་ཤུགས་འཕུཝ་ད་ གུར་སྤུབས་མི་ཚུ་གིས་ ཕན་ཐོགས་འབྱུང་མི་ཚུགས་པས་ཟེར་ཨིན་པས།
བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་ སྤྱི་ཟླ་༡༠ པའི་ཚེས་༢༠ ལུ་ ལ་ཡ་གླིང་བཞི་ལུ་ གཟིགས་སྐོར་ནང་བྱོན་པའི་སྐབས་ བླམ་གནས་བརྟན་ བཙན་སྐྱོགས་ཀྱིས་ ཞུ་མི་དང་འཁྲིལཝ་ད་ ནང་རྟེན་ཚུ་ ལོག་རྫོང་ནང་ བཞུགས་སུ་གསོལ་ནིའི་དོན་ལུ་ འཆར་ལོ་འདི་ནང་ར་ རྫོང་གི་དབུ་རྩེ་ ངེས་པར་དུ་ བཞེངས་གནང་དགོཔ་འདུག་ཟེར་ཨིན་པས།
བློན་ཆེན་གྱིས་ གནད་དོན་འདི་གི་ཐད་ཁར་ འབྲེལ་ཡོད་འགོ་དཔོན་ཚུ་དང་ གྲོས་བསྟུན་འབད་ཞིནམ་ལས་ གཟིགས་ཞིབ་གནང་འོང་ཟེར་ གསུངས་ཡོདཔ་ཨིན་པས།
བློན་ཆེན་གྱིས་ གསུངས་མིའི་ནང་ གླིང་བཞི་རྫོང་གི་ ཉམས་གསོའི་ལཱ་དེ་ འཆར་གཞི་༡༠ པའི་དོན་ལུ་ ཕྱིས་སོཔ་ལས་ འཆར་གཞི་༡༡ པའི་ ལས་འཆར་ཚུ་གི་གྲས་ཁར་ ཆ་འཇོག་འབད་དགོཔ་འོང་ཟེར་ཨིན་པས།
བློན་ཆེན་གྱིས་འབད་བ་ཅིན་ གཞུང་ལུ་ གླིང་བཞི་རྫོང་ ཉམས་གསོ་ཞུ་ནིའི་དོན་ལུ་ མ་དངུལ་ས་ཡ་༩༠ དེ་ཅིག་ བཞག་ཡོདཔ་ཨིན་རུང་ དེ་གིས་ མི་ལང་ཟེར་ཨིནམ་ད་ རྫོང་གཞི་དེ་ ཚད་ལྡན་ཅིག་སྦེ་ ཉམས་གསོ་ཞུ་བ་ཅིན་ མ་དངུལ་ས་ཡ་༣༠༠ དེ་ཅིག་དགོཔ་འདུག་ཟེར་ གསུངས་ཡོདཔ་ཨིན་པས།
བླམ་གནས་བརྟན་ བཙན་སྐྱོགས་ཀྱིས་འབད་བ་ཅིན་ རྫོང་གཞི་དེ་ རྩ་བ་ཉིད་ལས་ ཉམས་གསོ་ཞུ་མ་ཚུགས་རུང་ ད་ལྟོ་ཡོད་པའི་མ་དངུལ་དེ་གིས་ དབུ་རྩེ་རྐྱངམ་གཅིག་ ཉམས་གསོ་མཛད་གནང་པ་ཅིན་ ནང་རྟེན་ཚུ་ ལོག་རྫོང་ནང་ ཞུ་ཚུགས་ནི་མས་ཟེར་ཨིནམ་ད་ དེ་ཡང་གཙོ་བོ་ར་ ད་ལྟོའི་ གནས་སྐབས་ཅིག་གི་དོན་ལུ་ གཞི་རྟེན་སྨན་ཁང་ནང་བཞགཔ་ད་ གཙང་ཏོག་ཏོ་ཅིག་ མིན་འདུག་ཟེར་ཨིན་པས།
གླིང་བཞི་རྫོང་གི་ ནང་རྟེན་རྩ་ཅན་ཚུ་གི་གྲས་ཁར་ སྟོན་པ་དང་ སྤྱན་རས་གཟིགས་ ཕ་ཇོ་འབྲུག་སྒོམ་ཞིག་པོ་ གུ་རུ་པདྨ་འབྱུང་གནས་ དེ་ལས་ ཚེ་དཔག་མེད་ཀྱི་སྐུ་འདྲ་ཚུ་ ཡོདཔ་ཨིན་པས།
ནང་རྟེན་རྩ་ཅན་གཞན་ཡང་ ཞབས་དྲུང་ཆེན་པོ་ཆེའི་ ཕྱག་རོལ་དང་ རྒྱུ་དངུལ་གྱིས་བཟོ་མི་ ཞབས་དྲུང་བོད་ལས་བྱོནམ་ད་གི་ ཆིབས་སྒ་གསེར་སྒྲོན་མ་ དེ་ལས་ མཆོད་ཆས་ཚུ་དང་ གསུང་རྟེན་བཀའ་འབུམ་གསེར་བྲིསམ་ཚུ་ ཡོདཔ་ཨིན་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment