གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནགས་ཚལ་འགོ་དཔོན་ཅིག་ དམར་བསད་འབད་ཡོད་པའི་དོགས་པ།

ཚེ་འདས་ཀྱི་ཕུངམ་དེ་ རྒྱ་གར་ཧ་ཤི་མ་ར་ ཊོ་ཊ་པ་ར་གཡུས་ཚན་ཁ་ཐུག་ལུ་འགྱོ་སའི་ ཟུར་ལམ་ལས་ཐོབ་ནུག།
 ༩/༡༠/༡༢། ༉ སྤྱི་ཟླ་༡༠ པའི་ཚེས་༢༥ ལུ་ ཕུན་ཚོགས་གླིང་ལས་ བསམ་རྩེ་ལུ་ འགྱོ་བའི་ལམ་ཁར་ སྐྱེས་ལོ་༣༣ ལང་མི་ ནགས་ཚལ་འགོ་དཔོན་ཅིག་ དམར་བསད་འབད་མི་ལུ་ ད་ལྟོ་ ཞིབ་དཔྱད་འཕྲོ་མཐུད་དེ་ར་ རྐྱབ་པའི་བསྒང་ཡོདཔ་ཨིན་པས།

རྩོད་དོན་དེ་ རྒྱ་གར་ཇའི་སྒང་གི་ ཁྲིམས་སྲུང་འགག་སྡེའི་འོག་ལུ་ཚུད་མི་ ཧ་ཤི་མ་ར་ཁྲིམས་སྲུང་འགག་པའི་ ས་ཚིགས་འགེགས་སྲུང་ནང་ ཞིབ་དཔྱད་ཀྱི་དོན་ལུ་ ཐོ་བཀོད་འབད་དེ་ཡོདཔ་ཨིན་པས།

དེ་ཡང་ མོང་སྒར་ལས་ཨིན་མི་ ཚེ་འདས་རྡོ་རྗེ་དབང་ཕྱུག་དེ་ སྣུམ་འཁོར་བཀྱག་ཧོནམོ་འབད་མི་ སཱན་ཊོ་ཅིག་ བདའ་སོང་པའི་སྐབས་ལུ་ རྐྱེན་ངན་བྱུང་ཡོདཔ་ད་ ཁོ་གིས་ ཕུན་ཚོགས་གླིང་ལུ་ གླ་འཁོར་སྦེ་ཡང་ ལག་ལེན་འཐབ་མི་ སྣུམ་འཁོར་སཱན་ཊོ་དེ་ ད་ལྟོ་ཡང་ འཚོལ་མ་ཐོབ་པར་ བྱང་སྟོར་ཤོར་ཏེ་ཡོདཔ་ཨིན་པས།

ཚེ་འདས་དེ་ ཕུན་ཚོགས་གླིང་ལས་ ཀི་ལོ་མི་ཊར་༥ གི་ས་གནས་ རིན་ཆེན་སྡིངས་ལུ་ ནགས་ཚལ་འགོ་དཔོན་(བིཊ)ཅིག་ཨིན་པས།


ཕུན་ཚོགས་གླིང་གི་ ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ ཚེ་འདས་དེ་ ཁོ་རའི་ གཡས་ཁ་ཐུག་གི་སྐེ་གུ་ སྒྲོ་གཟུགམ་ཅིག་གིས་ གསོབ་མི་ལུ་བརྟེན་ ཤི་སོ་ནུག་ཟེར་ཨིནམ་ད་ དེ་ཚེ་ཕྱི་རུའི་ཆུ་ཚོད་༤ དེ་ཅིག་ཁར་ འབྲུག་མི་ཅིག་ དམར་བསད་འབད་དེ་ ཧ་ཤི་མ་ར་ཏུར་ས་ཟམ་གྱི་ སྦོ་ལོགས་ཁར་ ལམ་གྱི་ཟུར་ཁར་ བཞག་ཡོད་པའི་སྐོར་ ཁོང་གིས་ སྙན་ཞུ་ཐོབ་ཅི་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་ཨིན་པས།


ཏུར་ས་ཟམ་དེ་ ཕུན་ཚོགས་གླིང་ལས་ བསམ་རྩེ་ལུ་འགྱོ་སའི་ ལམ་ཁ་ཐུག་ལུ་ ཀི་ལོ་མི་ཊར་༢༥ དེ་ཅིག་ཡོདཔ་ཨིན་པས།


ཧང་ཤི་མ་རའི་ ཁྲིམས་སྲུང་འགག་པ་གིས་ རོ་བརྟག་དཔྱད་འབད་བའི་ཤུལ་ལུ་ ཕུངམ་དེ་ ཚོ་འདས་ཀྱི་ ནང་མི་ལུ་ རྩིས་སྤྲོད་འབད་ཡོདཔ་ད་ ཚེ་འདས་དེ་ གྱི་ཅུང་རྣོ་ཅན་ཅིག་གིས་ གསོབ་ཡོདཔ་ཨིན་ན་ ད་ལྟོ་ ཏན་ཏན་སྦེ་ ཧ་གོ་མ་ཚུགས་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་པའི་ཁར་ ཚེ་འདས་ཀྱི་ཕུངམ་གུ རྨ་ཤུལ་དང་ སྤྱིག་རྨ་བཏོན་བཏོནམ་ག་ནི་ཡང་མིན་འདུག་ཟེར་ བཤདཔ་ཨིན་པས།


ཚེ་འདས་ཀྱི་ གནས་ཚང་གིས་ ཁྲིམས་སྲུང་འགག་པ་ལུ་ ངག་བརྗོད་ཕུལ་མིའི་ནང་ མོ་གི་རྨགཔ་དེ་ རེས་གཟའ་སྤེན་པའི་དྲོ་པར་ཆུ་ཚོད་༩ ལུ་ བསམ་རྩེ་ལུ་ སོང་ཡོདཔ་ལས་ ཉིན་མའི་ཆུ་ཚོད་༢ དེ་ཅིག་ཁར་ ཁོ་ བསམ་རྩེ་ལས་ ལོག་འོང་དོ་ཟེར་ མོ་ལུ་ བརྒྱུད་འཕྲིན་ལྷོད་ཅི་ཟེར་ཨིན་པས།


རེས་གཟའ་སྤེན་པ་ལུ་ ཁོ་ར་ སྒྲིག་གཡོག་ནང་མེནམ་ལས་ བསམ་རྩེ་ལུ་ སོང་ནུག་ཟེར་ ཁྲིམས་སྲུང་འགག་པ་གིས་ བཤད་ཡོདཔ་ད་ རྐྱེན་ངན་མ་བྱུང་པའི་ཧེ་མར་ ཁོ་གིས་ སྒྲིག་གཡོག་དེ་ ནུབ་མོར་རྒྱུག་ཡོདཔ་ཨིན་པས།


ཁྲིམས་སྲུང་འགག་པ་གིས་ ཚེ་འདས་ཀྱི་ གོ་གནགཔོ་ནང་ལས་ དངུལ་ཀྲམ་༣༠༠ ཡོད་མི་དང་ ཁོ་རའི་ལམ་ཡིག་པར་ཚད་ཅིག་ཡོད་མི་ དངུལ་ཁུག་ཅིག་ ཐོབ་ཡོདཔ་ལས་ འཕྲོག་བཅོམ་གྱི་དོན་ལུ་ དམར་བསད་འབད་ཡོདཔ་འོང་ནི་མས་ཟེར་ སླབ་མི་ཚུགས་ནི་མས་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་ཨིན་པས།


ད་རུང་ ཁོ་ ཕུན་ཚོགས་གླིང་དང་ བསམ་རྩེའི་བར་ན་ ཁོ་དང་གཅིག་ཁར་ ཕར་ཚུར་འགྱོ་མི་ ལམ་འགྲུལཔ་ཡོད་མེད་ཀྱི་སྐོར་ལས་ ཤེས་རྟོགས་མ་བྱུང་ནི་དེ་གིས་ ཞིབ་དཔྱད་འབད་ནི་ལུ་ ལཱ་ཁག་རྐྱབ་མས་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་ཨིན་པས།


ཁོ་ ཕར་ཚུར་འགྱོ་བའི་སྐབས་ ག་གིས་ཡང་ མཐོང་མཐོངམ་མེདཔ་ལས་ ལམ་འགྲུལཔ་ཚུ་ འབྲུག་མི་ཨིན་ན་ ཡང་ཅིན་ ཕྱི་མི་ཨིན་ན་ ང་བཅས་ཀྱིས་ མི་ཤེས་པས་ཟེར་ ཁྲིམས་སྲུང་འགག་པ་གིས་ བཤད་པའི་ཁར་ ཚེ་འདས་ཀྱིས་ ལམ་འགྲུལཔ་ཚུ་འབག་སྟེ་  བསམ་རྩེ་ལུ་ འགྱོ་དོ་ཟེར་ ཁོ་གི་ གནས་ཚང་ལུ་སླབ་ད་ མོ་གིས་ ལམ་འགྲུལཔ་ག་དང་ག་ར་ཡོདཔ་ཨིན་ནའི་སྐོར་ལས་ མ་དྲིས་བས་ཟེར་ སླབ་ཨིན་པས།


དེ་འབདཝ་ད་ ཁྲིམས་སྲུང་འགག་པ་གིས་ བསམ་རྩེའི་ས་མཚམས་ཞིབ་དཔྱད་སྒོ་ར་ལུ་ ཞིབ་དཔྱད་རྐྱབ་ད་ ཚེ་འདས་དེ་ བསམ་རྩེ་ལུ་ ཐོན་འཛུལ་འབད་བའི་ ཐོ་བཀོད་འབད་འབདཝ་མེདཔ་མ་ཚད་ དེ་ཚེ་ཉིན་མར་ ཕར་ཚུར་འགྲུལ་བསྐྱོད་འབད་མི་ གླ་འཁོར་ཕུད་རྡོག་གཅིག་གིས་ཡང་ ཁོ་གི་ གླ་འཁོར་དེ་ མ་མཐོང་པས་ཟེར་ སླབ་ཨིན་པས།


ཧང་ཤི་མ་རའི་ ཁྲིམས་སྲུང་འགག་པ་གིས་ ཚེ་འདས་ཀྱི་ཕུངམ་ཐོབ་སའི་ ས་གོ་དེ་ རྒྱ་གར་ཊོ་ཊ་པ་ར་གཡུས་ཚན་ཁ་ཐུག་ལུ་འགྱོ་སའི་ ཟུར་ལམ་ཅིག་ཨིནམ་ད་ ཟུར་ལམ་དེ་ཡང་ ཚུལ་མིན་གྱི་སྒོ་ལས་ ལག་ལེན་འཐབ་མི་ཅིག་ཨིན་པའི་ ངོས་འཛིན་བྱུང་ནུག།


ཚེ་འདས་ལུ་ གནས་ཚང་དང་ ཨ་ལུ་༢ ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment