གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དཔེ་དེབ་བཀྲམ་སྤེལ་གྱི་རྩོད་གཞི་ ཕྱིར་འབུད་བཏང་ཡོདཔ།

༣༠/༡༠/༢༠༡༢   ༉ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཧེ་མའི་ ཆོས་ཚན་རྩ་གཞུང་དང་ ཁྱད་རིག་རྒྱབ་སྐྱོར་སྡེ་ཚན་གྱི་ འགོ་དཔོན་༣ ལུ་ ཡིག་ཆ་བརྫུས་བཟོ་དང་ གསུག་འབུལ་ དེ་ལས་ ཡིག་ཚང་བྱ་སྤྱོད་ངན་པ་འཐབ་པའི་ ཉེས་འཛུགས་ཐོག་ སྤ་རོ་རྫོང་ཁག་ཁྲིམས་འདུན་ལས་ མངོན་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་འབད་ཡོད་མི་དེ་ མངོན་མཐོ་ཁྲིམས་འདུན་གྱིས་ ཕྱིར་འབུད་བཏང་ཡོདཔ་ལས་ ཆེ་མཐོ་གྲངས་མང་ཁྲིམས་འདུན་གྱི་འཁྲུན་ཆོད་ལུ་ ཆ་གནས་འབད་དགོཔ་ཨིན་པས།


མངོན་མཐོ་ཁྲིམས་ཀྱི་འདུན་ས་ལས་ རྩོད་གཞི་དེ་ སྤྱི་ཟླ་༡༠ པའི་ཚེས་༡༦ ལུ་ ཕྱིར་འབུད་ཀྱི་ བཀའ་རྒྱ་གནང་ཡོདཔ་ཨིན་པས།
ཆེ་མཐོ་གྲངས་མང་ཁྲིམས་ཁྲིའི་ འཁྲུན་ཆོད་ལྟར་དུ་འབད་བ་ཅིན་ ཧེ་མའི་ ཤེས་ཡོན་རྩ་གཞུང་དང་ ཁྱད་རིག་རྒྱབ་སྐྱོར་སྡེ་ཚན་གྱི་ མཉམ་འབྲེལ་མདོ་ཆེན་ ཀརྨ་ཡེ་ཤེས་ཀྱིས་ ཀུན་འབྱུང་དང་ མེ་གཱ་ཚོང་ལས་ཁང་གི་ དཔེ་དེབ་བཀྲམ་སྤེལ་ཆ་མེད་བཏང་ཐོག་ལས་ ཨེས་ཨེས་བི་ཨེལ་ཚོང་ལས་ཁང་ལས་ དཔེ་དེབ་མཁོ་སྒྲུབ་འབད་མི་དེ་ ལུགས་མཐུན་ དྭངས་གསལ་ཐོག་འབད་ཡོདཔ་ལས་ ཉེས་འཛུགས་སྨིན་ཐབས་མིན་འདུག་ཟེར་ཨིན་པས།
དེ་མ་ཚད་ ལག་ལེན་དེ་ལུ་བརྟེན་ ཀརྨ་ཡེ་ཤེས་ལུ་ ཁེ་ཕན་བྱུང་བའི་ ཡིད་ཆེས་འདྲོང་བའི་ སྒྲུབ་བྱེད་མེདཔ་མ་ཚད་ ཁོ་གིས་ ཀུན་འབྱུང་དང་ མེ་གཱ་ཚོང་ལས་ཁང་གི་དཔེ་དེབ་ཚུ་ འདྲ་བཤུས་ཨིན་པའི་ཉོགས་བཤད་ མིང་མེད་གསང་བའི་ ཞུ་ལོག་ལྷོད་པའི་ཤུལ་ལུ་ དེ་དང་བསྟུན་ ཨེས་ཨེས་བི་ཨེལ་ཚོང་ལས་ཁང་ལས་ མཁོ་སྒྲུབ་འབད་དགོ་པའི་བཀའ་རྒྱ་ཚུ་ཡང་ ལུགས་མཐུན་ཐོག་ ཤེས་རིག་མདོ་ཆེན་དང་ དྲུང་ཆེན་ཚུ་ལུ་ འདྲ་རེ་བཏང་ཐོག་ལས་ ལག་ལེན་འཐབ་ཡོདཔ་ལས་ གསང་བའི་ཐོག་ལུ་ དབང་ཚད་ལོག་སྤྱོད་འབད་འབདཝ་ མིན་འདུག་ཟེར་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ རྩོད་བཤེར་ལྟར་དུ་འབད་བ་ཅིན་ ཀརྨ་ཡེ་ཤེས་ཀྱིས་ ཚོང་ལས་གཞན་མི་༢ ཀྱི་ དཔེ་དེབ་བཀྲམ་སྤེལ་དེ་ཆ་མེད་བཏང་ཐོག་ ཨེས་ཨེས་བི་ཨེལ་ཚོང་ལས་ཁང་ལས་ མཁོ་སྒྲུབ་འབད་ནི་གི་བཀའ་རྒྱ་གནང་མི་ལུ་བརྟེན་ དངུལ་ཀྲམ་ས་ཡ་༡༠.༧ ལྷགཔ་ཅིག་ གཞུང་ལུ་སྐུ་གྱོང་བཀལ་ཡོད་མི་དེ་ སོར་ཆུད་འབད་དགོ་པའི་ རྩོད་དོན་བཀོད་ཡོད་པའི་ཁར་ ངན་ལྷད་ནང་འབྲེལ་གཏོགས་ཡོད་པའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
རྩོད་དོན་དེ་ རྫོང་ཁག་ཁྲིམས་འདུན་དང་ ཆེ་མཐོ་ཁྲིམས་ཀྱི་འདུན་ས་ དེ་ལས་ གྲངས་མང་ཁྲིམས་ཁྲི་ཚུ་ལས་ རྩོད་ཟླ་དེ་ ཉེས་གྲོལ་ཨིན་པའི་འཁྲུན་ཆོད་ མ་མཐུནམ་སྦེ་ཡོད་རུང་ ཡིག་ཚང་ནང་ སླར་ལོག་འགན་འཁྲི་ འཕྲོ་མཐུད་འབད་ནི་ལས་ བཀག་ཆ་འབད་དེ་ ད་ཚུན་གནས་དབྱུང་ཐོག་ སྡོད་དགོཔ་བྱུང་ཡོདཔ་ཨིན་པས།
གཞན་ཡང་ མཁོ་གྲུབ་འགོ་དཔོན་བློ་བཟང་རྡོ་རྗེ་གིས་ ཨེས་ཨེས་བི་ཨེལ་ ཚོང་ལས་ཁང་གི་མིང་ཐོག་ཁར་ རིན་བསྡུར་བཙུགས་ཡོད་མི་ ཤེམ་པར་དཱན་གྱིས་ ནང་གསུག་དངུལ་ཀྲམ་༡༧,༠༠༠ བྱིན་ཡོད་པའི་ ཉེས་འཛུགས་དེ་ཡང་ ནང་གསུག་མིན་པར་ མི་ངོམ་གཞན་དང་གཞན་ལས་ཡང་ བསྡུ་ལེན་ཐོག་ ཞལ་འདེབས་ཡོངས་བསྡོམས་ དངུལ་ཀྲམ་༢༠༠,༠༠༠ དེ་ཅིག་ བསྡུ་ལེན་འབད་ཡོད་མི་གི་གྲངས་སུ་ཚུད་ཡོདཔ་ལས་ ནང་གསུག་སྤྲོད་ལེན་འབད་བའི་ སྒྲུབ་བྱེད་མེད་མི་ལུ་བརྟེན་ ཉེས་གྲོལ་ཨིནམ་སྦེ་བཀོད་ནུག།
ཁོ་གིས་ ཨེས་ཨེས་བི་ཨེལ་ཚོང་ལས་ཁང་ལས་ དཔེ་དེབ་ཚུ་ ཐག་རང་བཅད་ཀྱི་ཐོག་ལས་ འབད་འབདཝ་མིན་པར་ བདག་སྐྱོང་གཙོ་འཛིན་འགོ་དཔོན་གྱི་ བཀའ་རྒྱ་དང་འཁྲིལ་ འབད་ཡོདཔ་ལས་ མི་དམངས་བརྗེ་ཐོར་སྐྱོན་ཞུགས་འབད་བའི་ གྲངས་སུ་ ཉེས་འཛུགས་ཐོག་ ཉེས་ཁྲིམས་བཀལ་ཐབས་མིན་འདུག་ཟེར་ཨིནམ་ད་ མཆོ་མཐོ་ཁྲིམས་ཁྲི་༢ པའི་འཁྲུན་རང་འཇགས་བསྟར་སྤྱོད་གྲུབ་དགོ་ཟེར་ཨིན་་པས།
ཆེ་མཁོ་ཁྲིམས་ཁྲི་༢ པའི་འཁྲུན་ཆོད་ནང་གསལ་ གནད་དོན་གཞན་གྱི་ཐད་ རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་བསྟར་དུ་ལག་ལེན་འཐབ་དགོཔ་སྦེ་ཡོདཔ་ད་ རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་བསྟར་འབད་བ་ཅིན་ བློ་བཟང་རྡོ་རྗེ་དེ་ འབྲུག་གི་ཞི་རྩོད་དང་ཉེས་རྩོད་ཁྲིམས་དེབ་དོན་ཚན་༢༠༤ གི་དགོངས་དོན་ལྟར་ ཉེས་གྲོལ་མེད་པའི་ཁར་ རྒྱ་དངོས་ཆ་སྙོམས་མེད་པའི་ཐད་ལུ་ ཁོ་རའི་ཨམ་སྲུ་གི་མིང་ཐོག་ཁར་ཡོད་པའི་ གློག་ཆས་བཅོ་ཁང་གི་ ཆོག་ཐམ་ཆ་མེད་བཏང་ཐོག་ལས་ དེ་འཕྲོ་ལས་སྒོ་བསྡམ་དགོཔ་སྦེ་ཨིན་པས།
ཤེས་རིག་རྩ་གཞུང་དང་ ཁྱད་རིག་རྒྱབ་སྐྱོར་སྡེ་ཚན་ནང་ རྩིས་དྲུངཨིན་མི་ ཤེམ་པར་དཱན་གྱིས་ ཁོ་ར་ཞི་གཡོགཔ་ཅིག་ཨིན་རུང་ ཡིག་ཚང་གི་བྱ་སྤྱོད་ངན་པའི་ཐོག་ལུ་ ཁོ་རའི་གནས་ཚང་གི་ ནུམོ་གི་མིང་ཐོག་ཁར་ཨིན་མི་ དཔེ་དེབ་ཚོང་ལས་ཁང་དེ་གི་དོན་ལུ་ ཁོ་གིས་ རིན་བསྡུར་ནང་བཅའ་མར་གཏོགས་ཡོད་མི་དེ་ འབྲུག་གི་ཞི་གཡོག་བཅའ་ཁྲིམས་དང་འགལ་བ་ཨིནམ་ལས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་དགོངས་དོན་ལྟར་དུ་ ཉེས་ཁྲིམས་ལོ་ངོ་༢ སྨིན་དགོ་པའི་ འཁྲུན་ཆོད་བཏོན་ནུག།
རྩོད་དཔོན་ཡོངས་ཁྱབ་ཀྱིས་འབད་བ་ཅིན་ རྩོད་ཟླ་དེ་གིས་ ཞི་གཡོགཔ་གི་བྱ་སྤྱོད་ལས་འགལ་ཏེ་ རིནབསྡུར་ཐོག་ ཚོང་ལས་ནང་བཅའ་མར་གཏོགས་མི་ལུ་བརྟེན་ གཞུང་ལུ་སྐུ་གྱོང་དངུལ་ཀྲམ་ས་ཡ་༡༠.༧ ལྷགཔ་ཅིག་བཀལ་ཡོད་མི་དེ་ སོར་ཆུད་འབད་དགོཔ་ཨིན་རུང་ མ་དངུལ་དེ་དང་བསྟུན་པའི་ དཔེ་དེབ་ཚུ་ བཀྲམ་སྤེལ་འབད་ཡོད་ནི་དེ་གིས་ མ་དངུལ་དེ་ སོར་ཆུད་འབད་དགོཔ་མིན་འདུག་ཟེར་ཨིན་པས།
རྩོད་དོན་དེ་ འགོ་ཐོག་ སྤྱི་ལོ་༢༠༠༩ ཟླཝ་༡༢ པའི་ནང་ སྤ་རོ་རྫོང་ཁག་ཁྲིམས་ཀྱི་འདུན་སར་བཙུགས་ཏེ་ སྤྱི་ལོ་༢༠༡༡ ཟླ་༦ པའི་ནང་ འཁྲུན་ཆོད་བཏོན་ཡོད་རུང་ ངན་ལྷན་བཀག་བསྡོམ་ལྷན་ཚོགས་ཀྱིས་ ཡིད་ཆེས་མ་འདྲོང་པར་ ད་རུང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་བརྒྱུད་དེ་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ སྤྱི་ལོ་༢༠༡༡ ཟླ་༧ པའི་ནང་ མཐོ་གཏུགས་འབད་ནུག།
ཆེ་མཐོ་ཁྲིམས་འདུན་ལས་ཡང་ རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་དེ་ལུ་ འཛོལ་བ་མེདཔ་སྦེ་ དེ་ལུ་ གཞི་འཛིན་འབད་དགོཔ་སྦེ་ སྤྱི་ལོ་༢༠༡༢ ཟླ་༤ པའི་ནང་ འཁྲུན་ཆོད་བཏོན་ཡོད་རུང་ ད་རུང་ གྲངས་མང་ཁྲིམས་ཁྲི་ལུ་ མཐོ་གཏུགས་འབད་ཡོདཔ་ཨིན་པས།
གྲངས་མང་ཁྲིམས་ཁྲི་ལས་འབད་རུང་ ཆེ་མཐོ་ཁྲིམས་ཀྱི་འདུན་སའི་འཁྲུན་ཆོད་ལུ་ གཞི་འཛིན་འབད་དགོཔ་སྦེ་ དུས་ཅི་ སྤྱི་ཟླ་༧ པའི་ནང་ འཁྲུན་ཆོད་བཏོན་ཡོད་མི་དེ་ མངོན་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་འབད་ཡོདཔ་ད་ མངོན་མཐོ་ཁྲིམས་ཀྱི་འདུན་ས་ལས་ སྤྱི་ཟླ་༡༠ པའི་ཚེས༡༦ ལུ་ ཕྱིར་འབུད་བཏང་ཡོདཔ་ལས་ ཆེ་མཐོ་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ གཞི་འཛིན་འབད་དགོཔ་ཨིན་པའི་གནས་ཚུལ།


བསམ་གཏན་ཡེ་ཤེས།

No comments:

Post a Comment