གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕུན་ཚོགས་གླིང་ལུ་ བྱ་ནད་ཨེཆ་ཕ་ཡེབ་ ཨེན་ཝཱན་ཐོན་ཡོདཔ་ལས་ བྱ་༢༨ བསད་ཡོདཔ།

༡༩/༡༠/༢༠༡༢   ༉ ཕུན་ཚོགས་གླིང་དྲུང་ཁག་ རིན་ཆེན་སྡིངས་ལུ་ གསོ་སྐྱོང་འབད་མི་ བྱམོ་༤ ཤི་རྐྱེན་བྱུང་མི་དེ་ བྱ་ནད་ཨེཆ་ཕ་ཡེབ་ཨེན་ཝཱན་ ཐོབ་ཡོད་པའི་ ངོས་འཛིན་བྱུང་པའི་ཤུལ་ལུ་ སྤྱི་ཟླ་༡༠ པའི་ཚེས་༡༧ གྱི་ཕྱི་རུ་ བྱ་༢༨ གདམ་ཁ་རྐྱབ་སྟེ་བསད་ནུག།
སྒོ་ནོར་འགོ་དཔོན་ཚུ་གིས་ བྱ་གདམ་ཁ་རྐྱབ་སྟེ་ མ་བསད་པའི་ཧེ་མར་ ནད་བརྟག་གི་དོན་ལུ་ དཔེ་ཚད་བསྡུ་ལེན་འབད་བའི་བསྒང་།


དེ་ཡང་ སྤྱི་ཟླ་༡༠ པའི་ཚེས་༡༦ ལུ་ གསར་སྦིས་ཐང་ རྒྱལ་ཡོངས་སྒོ་ནོར་འཕྲོད་བསྟེན་ལྟེ་བ་གིས་ བྱམོ་ཚུ་ལུ་  ནད་ཨེཆ་ཕ་ཡེབ་ཨེན་ཝཱན་ཐོབ་ཡོདཔ་ ངེས་བདེན་ཨིན་པའི་ སྙན་ཞུ་གཏན་འཁེལ་བཟོ་མི་དང་འཁྲིལ་ བསད་ཡོདཔ་ཨིན་པས།
ཨིན་རུང་ བྱ་ནད་བདེན་དཔྱད་འབད་ནིའི་དོན་ལུ་ བྱའི་དཔེ་ཚད་ཚུ་ རྒྱ་གར་བྷོ་པཱལ་ལུ་ ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་གཙོ་བསྟེན་བརྟག་དཔྱད་ཁང་ནང་ བསྐྱལ་ཡི་ཟེར་ སྒོ་ནོར་འགོ་དཔོན་ཚུ་གིས་ སླབ་ཡོདཔ་ད་ དཔེ་ཚད་ཀྱི་ གྲུབ་འབྲས་སྙན་ཞུ་དེ་  ཉིནམ་དག་པ་ཅིག་གི་ ནང་འཁོད་ལུ་ ཐོབ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
བརྡ་བརྒྱུད་ཀྱི་མགྲིན་ཚབ་ ཌོག་ཊར་ཀུན་བཟང་འབྲུག་པ་གིས་ སླབ་མིའི་ནང་ སྤྱི་ཟླ་༡༠ པའི་ཚེས་༡༧ ལུ་ ཁྱིམ་གུང་༦ གི་ བྱ་༢༨ བསད་ཡོདཔ་མ་ཚད་ སྒོང་རྡོག་༡༠ བྱ་ཁྱིམ་༤ མེདཔ་བཏང་མི་དེ་ཡང་ བྱ་ནད་ཁྱབ་སྤེལ་འགྱོ་ནི་ལས་ བཀག་ཐབས་ལུ་ཨིནམ་ད་ ང་བཅས་ཀྱིས་ བྱ་ནད་དེ་ ག་ཏེ་ལས་སྤེལ་ཡོདཔ་ཨིན་ན་ ཞིབ་དཔྱད་འབད་དགོཔ་ཡོད་ཟེར་ ཁོ་གིས་ སླབ་ཨིན་པས།
ཕུན་ཚོགས་གླིང་ལུ་ བྱ་ནད་ཐོབ་མི་བྱ་ཚུ་ གདམ་ཁ་རྐྱབ་སྟེ་ གསད་ནིའི་ནང་ ལཱ་འབད་མི་ སྡེ་ཚན་ལས་ ཌོག་ཊར་བཱ་སཱནཊི་ ཤར་མ་གིས་ སླབ་མིའི་ནང་ སྤྱི་ཟླ་༩ པའི་ཚེས་༢༩ དང་ སྤྱི་ཟླ་༡༠ པའི་ཚེས་༡༧ གྱི་བར་ན་ བྱ་༢༥ ལུ་ ཤི་རྐྱེན་བྱུང་མིའི་གྲས་ལས་༤ ལུ་  ཨེཆ་ཕ་ཡེབ་ཨེན་ཝཱན་ ཐོབ་ཡོད་པའི་ ངོས་འཛིན་བྱུང་ཡི་ཟེར་ཨིན་པས།
བྱ་༢ ཤི་ཡོད་པའི་སྐོར་ སྙན་ཞུ་དང་པ་ར་ སྤྱི་ཟླ་༡༠ པའི་ཚེས་༩ ལུ་ རིན་ཆེན་སྡིངས་ ཞི་གཡོགཔ་ཅིག་གིས་ སྒོ་ནོར་རྒྱ་བསྐྱེད་ལྟེ་བ་ལུ་ འབད་ཡོདཔ་ད་ ང་བཅས་ཀྱིས་ སྙན་ཞུ་ཐོབ་ཅིག་ དེ་འཕྲོ་ལས་ བརྟག་དཔྱད་ཐོག་ དཔེ་ཚད་དེ་ རྒྱལ་ཡོངས་སྒོ་ནོར་འཕྲོད་བསྟེན་ལྟེ་བའི་ནང་ བསྐྱལ་བའི་ཤུལ་ལུ་  ཨེཆ་ཕ་ཡེབ་ཨེན་ཝཱན་ ཨིན་པའི་ ངོས་འཛིན་བྱུང་ནུག་ཟེར་ ཌོག་ཊར་བཱ་སཱནཊི་ ཤར་མ་གིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཕུན་ཚོགས་གླིང་ལས་ ཀི་ལོ་མི་ཊར་༣ དེ་ཅིག་གི་ས་གནས་ རིན་ཆེན་སྡིངས་ ཚན་རིག་དང་ འཕྲུལ་རིག་མཐོ་རིམ་སློབ་གྲྭའི་འོག་ལུ་སྡོད་མི་ ཇོ་བདག་༢ ཀྱི་ བྱ་༥ སྤྱི་ཟླ་༩ པའི་ཚེས་༢༩ ལུ་ ཤི་སོ་རུང་ སྤྱིར་བཏང་གི་ ནད་གཞི་ལུ་བརྟེན་ འོང་ནི་མས་ཟེར་ ཇོ་བདག་ཚུ་གིས་ སྒོ་ནོར་འགོ་དཔོན་ཚུ་ལུ་ སྙན་ཞུ་མ་འབད་བས་ཟེར་ཨིནམ་ད་ དེ་སྦེ་ ཤི་བའི་སྐོར་ རིན་ཆེན་སྡིངས་ལུ་ བརྟག་ཞིབ་འབདཝ་ད་ ཤེས་རྟོགས་བྱུང་ཡི་ཟེར་ ཁོ་གིས་ སླབ་ཨིན་པས།
ད་རུང་ སྤྱི་ཟླ་༡༠ པའི་ཚེས་༡༥ ལུ་ རིན་ཆེན་སྡིངས་ས་གོ་ནང་ བྱ་༢ ཤི་མི་དེ་ཡང་ ཨེཆ་ཕ་ཡེབ་ཨེན་ཝཱན་ ཐོབ་མི་ལུ་བརྟེན་ཨིན་པའི་ ངོས་འཛིན་བྱུང་ནུག།
ནད་གཞི་ཁྱབ་སྤེལ་ལས་ བཀག་ཐབས་ལུ་ བྱ་བསད་མི་ཚུ་གི་ ཇོ་བདག་ཚུ་ལུ་ རྒུད་འཐུས་མ་སྤྲོད་པར་ ཡོདཔ་ཨིན་པས།
ད་ལས་ཕར་ བྱ་ནད་ཚུ་ ས་གནས་གཞན་ཁར་ ཁྱབ་སྤེལ་འགྱོ་མི་བཅུག་ནིའི་དོན་ལུ་ རིན་ཆེན་སྡིངས་ལས་ ཐིམ་ཕུ་ཁ་ཐུག་ལུ་འོང་སའི་ གཞུང་ལམ་ཁར་ འབུབ་ཀྱི་སྨན་ཆུ་གཏོར་ནི་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment