གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱ་གར་གྱི་ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་བཙུགས་མི་དེད་གཡོགཔ་དེ་ ཁྲིམས་འཐུས་བཏབ་སྟེ་བཏོན་ཡོདཔ།

༡༧/༡༠/༢༠༡༢   ༉ སྤྱི་ཟླ་༡༠ པའི་ཚེས་༡༤ ལུ་ འབྲུག་གི་སྣུམ་འཁོར་༡ དང་ རྒྱ་གར་གྱི་ སྣུམ་འཁོར་༡ དང་གཅིག་ཁར་ ཐུག་རྐྱེན་བྱུང་མིའི་ནང་ རྒྱ་གར་གྱི་ ལམ་འགྲུལ་པ་ཅིན་ལུ་ ཤི་རྐྱེན་བྱུང་ཡོདཔ་ལས་ སྐྱེས་ལོ་༤༨ ལང་མི་ འབྲུག་གི་དེད་གཡོགཔ་དེ་ རྒྱ་གར་གྱི་ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོདཔ་ཨིན་རུང་ སྤྱི་ཟླ་༡༠ པའི་ཚེས་༡༥ ལུ་ ཁྲིམས་འཐུས་བཏབ་ཐོག་ལས་ བཏོན་ཡོདཔ་ཨིན་པས།


བསམ་རྩེའི་ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ རྒྱ་གར་གྱི་ སྙན་ཞུ་དང་འཁྲིལཝ་ད་ བསམ་རྩེ་ལས་ ཕུན་ཚོགས་གླིང་ཁ་ཐུག་ལུ་ ཀི་ལོ་མི་ཊར་༣༥ དེ་ཅིག་གི་ས་ཁར་ རྒྱ་གར་གྱི་ས་གནས་ ཀ་ཏ་ནགས་ཚལ་ནང་ལྷོདཔ་ད་ ཆུ་ཁ་གློག་མེ་ལས་འགུལ་གྱི་ཨིན་མི་ སྣུམ་འཁོར་ཧའི་ལགསི་དེ་གིས་ རྒྱ་གར་གྱི་སྣུམ་འཁོར་ བཱེན་དེ་གུ་ རེག་ནུག་ཟེར་ཨིན་པས།
རྐྱེན་ངན་དེ་ཡང་ དྲོ་པའི་ཆུ་ཚོད་༧ དང་ སྐར་མ་༣༠ དེ་ཅིག་ཁར་བྱུང་ཡོདཔ་ད་ དེ་བསྒང་ སྣུམ་འཁོར་ཧའི་ལགསི་དེ་ སི་ལི་གུ་རི་ལས་ ཕུན་ཚོགས་གླིང་ལུ་ འོང་བའི་བསྒང་ཨིན་པས་ཟེར་ ཁྲིམས་སྲུང་འགག་པ་ཚུ་གིས་ སླབ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ འབད་བ་ཅིན་ ས་གནས་དེ་ཁར་ཡོད་པའི་ སྒོར་ལྟབ་ཅིག་ནང་ལྷོདཔ་ད་ རྒྱ་གར་གྱི་སྣུམ་འཁོར་བཱེན་དེ་ ཧང་སྟོང་མར་ ཐོན་འོང་མི་ལུ་བརྟེན་ ཐུག་རྐྱེན་བྱུང་ནུག་ཟེར་ཨིན་པས།
དེ་བསྒང་ སྣུམ་འཁོར་ཧའི་ལགསི་དེ་ནང་ འགྲུལ་པ་ཕོ་སྐྱེས་༢ དང་ ཨམ་སྲུ་༢ འབདཝ་ད་ ཁོང་༤ སྡོད་མི་ཚུ་ལུ་ གནོད་སྐྱོན་ག་ཅི་ཡང་ མ་བྱུངམ་ཨིན་རུང་ སྣུམ་འཁོར་བཱེན་ནང་གི་ འགྲུལ་པ་ཕོ་སྐྱེས་ཅིག་ལུ་ རྨ་སྐྱོན་བྱུང་སྟེ་ སྨན་ཁང་ནང་བསྐྱེལ་བའི་ཤུལ་ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
བསམ་རྩེའི་ཁྲིམས་སྲུང་འགག་པ་ཚུ་གིས་ འབྲུག་པའི་ལམ་འགྲུལ་པ་ཚུ་ལུ་ ཆ་རོགས་འབད་ཚུགས་ཡོདཔ་ཨིན་རུང་ ཐུག་རྐྱེན་བྱུང་མི་སྣུམ་འཁོར་གྱི་ དེད་གཡོགཔ་༢ ཆ་ར་ དབྱེ་ཞིབ་ཀྱི་དོན་ལུ་ རྒྱ་གར་གྱི་ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ སྡོད་དགོཔ་ཐོན་ཡོདཔ་ཨིན་པས།
ཧའི་ལགསི་ནང་གི་ འགྲུལ་པ་ཚུ་གིས་ འབད་བ་ཅིན་ དེ་བསྒང་ ཧའི་ལགསི་དེ་ གྲོས་ཀྱིས་བཏང་ ཕུན་ཚོགས་གླིང་ལུ་ འོང་བའི་བསྒང་ མ་རུ་ཏི་བཱེན་དེ་གིས་ ཤུགས་སྦེ་ར་ བརྡུང་བྱིན་ཡི་ཟེར་ཨིན་པས།
སྣུམ་འཁོར་ཧའི་ལགསི་ནང་ འགྲུལ་བསྐྱོད་འབད་མི་ཚུ་ ཆུ་ཁ་གློག་མེ་ལས་འགུལ་གྱི་ ལས་བྱེདཔ་ཨིནམ་ད་ ཁོང་ཆ་ཁྱབ་ སྤྱི་ཟླ་༡༠ པའི་ཚེས་༡༡ ལུ་ རྒྱ་གར་གྱི་ས་གནས་ སི་ལི་གུ་རི་ལུ་ ཡིག་ཚང་གི་ཅ་ཆས་ཚུ་ མཁོ་གྲུབ་འབད་བར་ སོང་ཡོདཔ་ཨིན་པས།
རྐྱེན་ངན་དེ་བྱུང་ས་མཐོང་མི་ རྒྱ་གར་གྱི་མི་ཚུ་གིས་ འབྲུག་པའི་འགྲུལ་པ་ཚུ་ལུ་ ཆ་རོགས་ཡང་འབད་ཡོདཔ་མ་ཚད་ འཛོལ་བ་དེ་ རྒྱ་གར་གྱི་སྣུམ་འཁོར་དེ་ལུ་ར་ཡོད་ཟེར་ སླབ་ཡོདཔ་ཨིན་པས།
གལ་སྲིད་ རྐྱེན་ངན་བྱུང་ས་མཐོང་མི་ཚུ་གིས་ འཕྲང་སྟེ་མ་སླབ་པ་ཅིན་ ས་གནས་དེ་ནང་ སྦྱེལཝ་སྦོམ་ཐོན་ཐོནམ་འོང་ཟེར་ འབྲུག་པའི་ འགྲུལ་པ་ཅིག་གིས་ སླབ་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment