གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁམས༌དྭངས༌ལུ་ སྨན་ཁང་རྒྱ་བསྐྱེད་ཀྱི་གྲོས་གཞི་ ཆ༌མེད༌བཏང༌ཡོདཔ།

༡༨/༡༠/༢༠༡༢   ༉ བཀྲིས་གཡང་རྩེ་ལུ་ འཕྲལ་ཁམས་ཅིག་ཁར་འཚོགས་མི་ རྫོང་ཁག་ཚོགས་འདུ་གིས་ ཁམས་དྭངས་དང་ སྟོད་འཚོ་རྒེད་འོག་གི་ སྨན་ཁང་འབྲིང་མ་ཚུ་ སྡེ་ཚན་དང་པ་ལུ་ ཡར་སེང་འབད་ནིའི་ གྲོས་འཆར་ཕུལ་མི་དེ་ ཆ་མེད་བཏང་ཡོདཔ་ཨིན་པས།
སྡེ་ཚན་དང་པའི་ནང་ ཡར་སེང་འབད་ནི་གི་ ཁྱད་ཚད་ལྡན་རུང་ རྒྱ་བསྐྱེད་མེད་པར་ སྔར་ག་ཨིནམ་སྦེ་ ལུས་ནི་ཨིན་མི་ ཁམས་དྭངས་སྨན་ཁང་འབྲིང་མ།


གསོ་བའི་ལྷན་ཁག་གིས་ ཁམས་དྭངས་སྨན་ཁང་འབྲིང་མ་དེ་ སྡེ་ཚད་དང་པ་ལུ་ རྒྱ་བསྐྱེད་འབད་ནིའི་དོན་ལུ་ འོས་འབབ་དང་ལྡནམ་སྦེ་འདུག་ཟེར་བཀོད་རུང་ རྫོང་ཁག་ཚོགས་འདུ་གིས་ གལ་སྲིད་ ཡར་སེང་འབད་རུང་ གཡུས་ཚན་གྱི་ སྦུག་ལུ་ཡོད་མི་ ཁྱི་གཙང་སྨན་ཁང་འབྲིང་མ་དེ་ དྲག་པས་ཟེར་ སླབ་ཡོདཔ་ཨིན་པས།
སྡེ་ཚན་དང་པའི་ སྨན་ཁང་འབྲིང་མ་ཚུ་ནང་ ཌོག་ཊར་༡ དང་ སྨན་གཡོགམོ་༧ དེ་ཅིག་ འོང་དགོཔ་མ་ཚད་ མིག་ཏོ་དང་ ཚན་རིག་བརྟག་དཔྱད་ གསོ་བའི་སྨན་བཅོས་ ལུས་སྦྱོང་སྨན་བཅོས་ སྨན་བྱིན་ནི་ ཁྲིམས་རྩོད་དང་འབྲེལ་བའི་བརྟག་དཔྱད་ དེ་ལས་ ནདཔ་ཚུ་གི་ བཟའ་སྤྱོད་ཀྱི་ཞབས་ཏོག་ཚུ་ཡང་ བྱིན་དགོཔ་ཨིན་པས།
དེ་དང་འཁྲིལ་ སྡེ་ཚན་དང་པའི་སྨན་ཁང་ཚུ་ནང་ དྲུང་འཚོ་གིས་གཙོས་པའི་ ལུས་སྦྱོང་སྨན་བཅོསཔ་ གློག་པར་བཏབ་མི་ གཟུགས་ཀྱི་ནང་ཁོང་བརྟག་དཔྱདཔ་ མིག་ཏོ་བརྟག་དཔྱདཔ་ དེ་ལས་ གསོའི་བརྟག་དཔྱད་མཁས་མཆོག་ཚུ་ དགོཔ་ཨིན་པས།
སྡེ་ཚན་དང་པའི་ སྨན་ཁང་འབྲིང་མའི་ནང་དགོ་པའི་ མི་མང་གསང་སྤྱོད་དང་ གོ་ལ་འཁྱུ་སའི་ཁང་མིག་ ཌོག་ཊར་དང་ གློ་བུར་ཉེན་འཚུབ་ཀྱི་ སྒྲིག་རྒྱུག་མི་ཚུ་ལུ་ སྡོད་ཁྱིམ་ལ་སོགས་པའི་ མཐུན་རྐྱེན་ཚུ་ཡང་ ཚང་དགོཔ་ཨིན་པས།
ད་ལྟོ་ཡོད་པའི་ སྡེ་ཚན་༢ པའི་དོན་ལུ་ ཁམས་དྭངས་སྨན་ཁང་འབྲིང་མའི་ནང་ གཙོ་བོ་ར་ གསོ་བའི་ལས་རོགསཔ་ ཕྱིར་སྡོད་ནདཔ་གི་ཞབས་ཏོག་ སྐྱེས་རྒྱུན་འཕྲོད་བསྟེན་ཞབས་ཏོག་ གཤག་བཅོས་ཆུང་བའི་ཞབས་ཏོག་ཚུ་ ཚངམ་དགོཔ་མ་ཚད་ ནདཔ་འབག་མི་ སྣུམ་འཁོར་དང་ ནདཔ་བཞག་སའི་ ཁང་མིག་ཚུ་ཡང་ དགོཔ་ཡོདཔ་ཨིན་པས།
རྫོང་ཁག་ཚོགས་འདུའི་ནང་ རྫོང་ཁག་གསོ་བའི་འགོ་དཔོན་ གང་རྡོ་རྗེ་གིས་ བཤད་མིའི་ནང་ ཁམས་དྭངས་སྨན་ཁང་འབྲིང་མའི་དོན་ལུ་ རྒྱ་བསྐྱེད་འབད་དགོཔ་ཡོད་མི་ཚུ་ མི་འབོར་༡༠,༠༠༠ དེ་ཅིག་ལུ་ ཞབས་ཏོག་བྱིན་ཚུགསཔ་འབད་ནིའི་ མཁོ་འདོད་འགྲུབ་ཐབས་ཚུ་ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཁམས་དྭངས་དེ་ རྒེད་འོག་༦ གི་སྦུག་ལུ་ཡོདཔ་ལས་ རྒྱ་བསྐྱེད་འབད་བ་ཅིན་ མི་སྡེ་མང་རབས་ཅིག་ལུ་ ཕན་ཐོགས་སྦོམ་སྦེ་ར་འབྱུང་ཚུགས་ཟེར་ཨིན་པས།
ཁམས་དྭངས་རྒཔོ་ ཨོ་རྒྱན་དབང་འདུས་ཀྱིས་ཡང་ སྨན་ཁང་གི་ ཞབས་ཏོག་རྒྱ་བསྐྱེད་འབད་དགོཔ་དེ་ ཁམས་དྭངས་ལུ་ར་ དགོཔ་འདུག་ཟེར་ སླབ་ཨིན་པས།
ད་ལྟོ་ཡོད་མི་ སྨན་ཁང་འབྲིང་མ་དེ་གིས་ཡང་ རྒེད་འོག་༦ གི་ མི་སེར་ཚུ་ལུ་ གནམ་མེད་ས་མེད་ཕན་ཐོགས་ བྱུང་ཡི་ཟེར་ ཨོ་རྒྱན་དབང་འདུས་ཀྱིས་ སླབ་ཨིན་པས།
དེ་འབདཝ་ད་ བཀྲ་ཤིས་གཡང་རྩེ་རྫོང་བདག་ སངས་རྒྱས་གྲུ་པ་གིས་འབད་བ་ཅིན་ སྡེ་ཚན་དང་པའི་ སྨན་ཁང་འབྲིང་མ་དེ་ ཁྱི་གཙང་ལུ་རྐྱབ་པ་ཅིན་ ལེགས་ཤོམ་འོང་ཟེར་ཨིན་པས།
ཁམས་དྭངས་སྨན་ཁང་འབྲིང་མ་དེ་ སྟོང་གཞང་དང་ འཇམ་མཁར་རྒེད་འོག་ཚུ་ནང་སྡོད་མི་ མི་སེར་ཚུ་ལུ་ ཐག་རིང་འོང་ཟེར་ཨིནམ་ད་ ཁྱི་གཙང་ལུ་འབད་བ་ཅིན་ འཇམ་མཁར་དང་ རམ་འཇར་ སྟོང་གཞང་རྒེད་འོག་ཚུ་ལས་ ཀི་ལོ་མི་ཊར་༧ དེ་ཅིག་གི་ས་གནས་ཁར་ཡོད་ཟེར་ཨིན་པས།
རམ་འཇར་དམངས་མི་ དཀར་ཅུང་གིས་ སླབ་མིའི་ནང་ བཀྲ་ཤིས་གཡང་རྩེ་ གཡུས་སྨད་ཀྱི་མི་སེར་ཚུའི་དོན་ལུ་ ཁྱི་གཙང་དེ་ དབུས་ཕྱོགས་ཀྱི་ ས་ཁོངས་ནང་ཚུད་འོང་ཟེར་ཨིནམ་མ་ཚད་ བདེ་ཆེན་ལྷུན་གྲུབ་ཀྱིས་ ས་གནས་འདི་ར་ ལེགས་ཤོམ་འོང་ཟེར་ སླབ་ཨིན་པའི་གནས་ཚུལ།
 
རྩོམ་བྲིས་ལས་བྱེདཔ།

No comments:

Post a Comment