གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཁབ་ནང་ ཆང་ལུ་བརྟེན་པའི་ བྱུང་རྐྱེན་གནས་སྟངས་ཀྱི་མངོན་གསལ།

 ཆང་འཐུང་སྟེ་ སྣུམ་འཁོར་བཏང་མི་གིས་ 
རྒྱུ་དངོས་མེདཔ་བཏང་ཡོད་པའི་སྙན་ཞུའི་ ཐོ་བཀོད་རེའུ་མིག། 
སྣུམ་འཁོར་བརྡ་སྟོན་སྡེ་ཚན་གྱི་ སྙན་ཞུ་༢༠༡༡ ཅན་མ་ལྟར།
༢༩/༡༠/༡༢། ༉ འབྲུག་ལུ་ ཆང་འཐུང་སྟེ་ སྣུམ་འཁོར་བཏང་མི་དེ་ ཉེན་འཚུབ་ཅན་གྱི་གནས་སྟངས་ཅིག་ལུ་གྱུར་བའི་མངོན་གསལ་བྱུང་མི་དེ་ཡང་ སྤྱི་ལོ་༢༠༠༥ དང་༢༠༡༠ གི་བར་ན་ ཆང་འཐུང་སྟེ་སྣུམ་འཁོར་བཏང་མི་གིས་ སྣུམ་འཁོར་༣༢༠ ཐུག་རྐྱེན་བྱུང་ས་ལས་ མི་གྲངས་༨༦ ལུ་ཤི་རྐྱེན་དང་ མི་གྲངས་༤༠༦ ལུ་ རྨ་སྐྱོན་བྱུང་ཡོདཔ་ཨིན་པས།

རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱིས་ ཞིབ་འཚོལ་ཁ་གསལ་ཅིག་འབད་དེ་ སྙན་ཞུ་གསལ་སྟོན་འབད་མི་དང་འཁྲིལཝ་ད་ ཆང་ལུ་བརྟེན་ གཟུགས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་ ཉེན་ཁ་ཡོདཔ་མ་ཚད་ ཉེས་འགེལ་གྱི་ལཱ་བྱ་འཐབ་ནི་དང་ ལཱ་གཡོག་ནང་ཆད་ལུས་ནི་ ལཱ་གི་གྲུབ་འབྲས་སྐྱོ་སུ་འགྱོ་ནི་ མི་དང་རྒྱུ་ཆས་ཚུ་ལུ་ རྩུབ་སྤྱོད་འཐབ་ནི་ཚུ་གི་ རྒྱུ་རྐྱེན་ཡང་ འདི་ལུ་བརྟེན་ཏེ་བྱུངམ་ཨིན་པས།


སྣུམ་འཁོར་བརྡ་སྟོན་སྡེ་ཚན་གྱིས་ གནས་ཐོ་བཀོད་མི་དང་འཁྲིལཝ་ད་ ན་ཧིང་ སྤྱི་ཟླ་༡ པ་ལས་ དུས་ཅི་སྤྱི་ཟླ་༩ པའི་ནང་འཁོད་ལུ་ སྣུམ་འཁོར་༣༧༤ ཐུག་རྐྱེན་བྱུང་ས་ལས་ ཆང་འཐུང་མི་ལུ་བརྟེན་ སྣུམ་འཁོར་ཐུག་རྐྱེན་༡༤༢ བྱུང་ཡོདཔ་སྦེ་བཀོད་ནུག།


དེ་འབདཝ་ལས་ འབྲུག་ལུ་ ཆང་ལུ་བརྟེན་ སྣུམ་འཁོར་ཐུག་རྐྱེན་དེ་ བརྒྱ་ཆ་༡༠ དེ་ཅིག་ཡོད་པའི་ གསལ་སྟོན་བྱུང་ཡོདཔ་ཨིན་པས།


དེ་ལས་ ཞིབ་འཚོལ་སྙན་ཞུ་དང་འཁྲིལཝ་ད་ སྤྱི་ལོ་༢༠༠༥ ལས་༢༠༠༩ གི་བར་ན་ འབྲུག་གིས་ ཆང་དང་འབྲེལ་བའི་ནད་གཞིའི་སྨན་བཅོས་ཀྱི་དོན་ལུ་ མ་དངུལ་ས་ཡ་༡༠༥.༣ ཟད་འགྲོ་བཏང་ནུག་ཟེར་ཨིནམ་ད་ ལོ་རེའི་ནང་ ཆང་དང་འབྲེལ་བའི་ སྨན་བཅོས་ཀྱི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༢༧ དང་༣༠ གྱི་བར་ན་ གནས་ཡོདཔ་སྦེ་ཨིནམ་ད་ གལ་སྲིད་ ཆང་དང་འབྲེལ་བའི་སྨན་བཅོས་འབད་དགོཔ་ཉུང་སུ་འགྱོ་བ་ཅིན་ ནད་གཞི་གཞན་གྱི་དོན་ལུ་ ཟད་འགྲོ་གཏང་ཚུགས་ནི་མས་ཟེར་ བཀོད་ནུག།

ཆང་འཐུང་སྟེ་ སྣུམ་འཁོར་བཏང་མི་ལུ་བརྟེན་ 
ཐུག་རྐྱེན་བྱུང་ཡོད་མི་གི་ གྱངས་ཁའི་ཐོ་བཀོད་ རེའུ་མིག།
ཆང་ལུ་བརྟེན་ མཆིན་པའི་ནད་གཞི་ཐོབ་མི་ཚུ་གི་གྲས་ལས་ མཐོ་ཤོས་ར་ བརྒྱ་ཆ་༣༦.༦ སོ་ནམ་ཞིང་པ་ཚུ་ཨིན་པའི་ ངོས་འཛིན་བྱུང་ཡོད་པའི་ཁར་ བརྒྱ་ཆ་༡༩.༧ ཁྱིམ་ནང་སྡོད་མི་ ཨམ་སྲུ་ཚུ་གིས་ ཐོབ་ཡོད་པའི་ཁར་ མཆིན་པའི་ནད་གཞི་ཐོབ་མི་ཚུ་གི་གྲས་ལས་ བརྒྱ་ཆ་༧.༥ ཞི་གཡོགཔ་ཚུ་ཨིན་མས་ཟེར་ གསལ་བཀོད་འབད་ནུག།

ཞིབ་འཚོལ་སྙན་ཞུ་དང་འཁྲིལ་བ་ཅིན་ ཆང་གི་ལག་ལེན་དེ་ འབྲུག་གི་ལམ་སྲོལ་དང་འབྲེལ་བ་ཅན་ཅིག་ཨིན་པའི་ ངོས་འཛིན་ཡོདཔ་ལས་ ཆང་གི་ལག་ལེན་མར་ཕབ་འབད་དེ་ རྩ་མེད་གཏང་ནི་དེ་ འོས་འབབ་མིན་འདུག་ཟེར་ཨིནམ་ད་ སྤྱི་ཚོགས་ཀྱིས་ ཆང་བཀག་དམ་མ་འབད་བར་བཞག་མི་དེ་ལུ་ འཛོལ་བ་མིན་འདུག་ཟེར་ཨིན་པས།


དེ་མ་ཚད་ ཞིབ་འཚོལ་དེ་དང་འཁྲིལ་བ་ཅིན་ གཡུས་ཆང་ ཨ་རག་གི་ཚོང་འབྲེལ་ནང་ སྤྱི་ལོ་༢༠༠༣ ལུ་ གཡུས་མི་ཚུ་གི་ ནང་འཁོད་ཚོང་འབྲེལ་ཐོག་ དངུལ་ཀྲམ་ས་ཡ་༡༨.༤ དེ་ཅིག་གི་ གཡུས་ཆང་བཙོང་དོ་ཡོདཔ་མ་ཚད་ སྤྱི་ལོ་༢༠༠༧ ལུ་ དངུལ་ཀྲམ་ས་ཡ་༣༥ དེ་ཅིག་གི་ གཡུས་ཆང་བཙོང་ནུག་ཟེར་ཨིན་པའི་གནས་ཚུལ།


ཆང་དང་འབྲེལ་བའི་ཤེས་བྱ།

འཛམ་གླིང་གསོ་བའི་ཚོགས་སྡེའི་ སྙན་ཞུ་ཅིག་དང་འཁྲིལཝ་ད་ སྤྱི་ལོ་༢༠༠༥ ལུ་ འཛམ་གླིང་ནང་ ཆང་འཐུང་མི་ཚུ་གིས་ འཛམ་གླིང་ནང་ སྐྱེས་ལོ་༡༥ ཡན་ཆད་འབད་མི་རེ་ལུ་ ཆང་ལི་ཊར་༦.༡༣ དེ་རེ་གི་རྩིས་ འཐུང་ནུག་ཟེར་ཨིན་པས།
དེ་ཚུ་གི་གྲས་ལས་ ཆང་བརྒྱ་ཆ་༢༨.༦ དེ་ཅིག་ ཚོང་འབྲེལ་ཐོ་དེབ་ནང་མེད་པའི་ ཁྲིམས་འགལ་དང་ ནང་འཁོད་གཡུས་ཁར་ བཟོ་ཡོད་མི་ གཡུས་ཆང་ཚུ་ཨིན་མས་ཟེར་བཀོད་ནུག།
 བསམ་གཏན་ཡེ་ཤེས།

No comments:

Post a Comment