གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རེ་ས་ལྷ་ཁང་གསར་བསྒྲུབས་ཀྱིས་ གཡུས་མི་ཚུ་ལུ་ ཕན་ཁྱད་སྦོམ་བྱུང་ཡོདཔ།

༢༣/༡༠/༢༠༡༢    སྤྱི་ལོ་༢༠༠༨ ལུ་ ལྷ་ཁང་གསར་བཞེངས་ཀྱི་ ལཱ་འགོ་བཙུགས་མི་ ཐོག་ཚད་༡ འབད་མི་ རེ་ས་ལྷ་ཁང་དེ་ལུ་ ཟད་འགྲོ་དངུལ་ཀྲམ་འབུམ་༢༠ ལྷགཔ་ཅིག་ གནས་ཡོདཔ་ཨིན་པས།

༉ མོང་སྒར་རྫོང་ཁག་ ས་གླིང་རྒེད་འོག་ རེ་ས་གཡུས་ཚན་གྱི་ མི་སེར་ཚུ་གིས་ ད་ལས་ཕར་ ཧེ་མ་བཟུམ་སྦེ་ ཆོས་ཕྱོགས་ཀྱི་ལས་རིམ་ ག་ཅི་བཟུམ་ཅིག་ འགོ་འདྲེན་འཐབ་དགོ་རུང་ ཐང་ནང་ལུ་ གུར་སྤུབས་ཏེ་ འབད་དགོཔ་མི་ཐོན་ནི་ཨིན་མི་དེ་ཡང་ དུས་ཅི་ལས་ གཡུས་ཚན་དེ་ནང་ ལྷ་ཁང་གསརཔ་ཅིག་ ཕྱི་ནང་མེད་པར་ བསྒྲུབས་ཚུགས་མི་ལུ་བརྟེན་ཏེ་ཨིན་པས།
རྟེན་དང་བརྟེན་པ་བཅས་ གསར་བསྒྲུབས་འབད་མི་ རེ་ས་ལྷ་ཁང་།


དེ་ཡང་ ཧེ་མ་འབད་བ་ཅིན་ རེ་ས་གཡུས་ཚན་ནང་ དཀར་ཕྱོགས་དགེ་བའི་ལཱ་ཚུ་ ག་ཅི་ར་ འགོ་འདྲེན་འཐབ་དགོཔ་འཐོན་རུང་ གཡུས་ཚན་ནང་ ལྷ་ཁང་ཅིག་མེདཔ་ལས་ ཐང་ནང་སྦེ་ འགོ་འདྲེན་འཐབ་དགོཔ་འབྱུང་དོ་ཡོདཔ་མ་ཚད་ མི་མང་ཤོས་ཅིག་གིས་ རང་སོའི་ཁྱིམ་ནང་ འབད་དགོཔ་ལས་བརྟེན་ སྟབས་མ་བདེཝ་སྦོམ་ཡོད་ཟེར་ རེ་ས་གཡུས་ཚན་གྱི་ མི་སེར་རྒན་ཤོས་ཚུ་གིས་ སླབ་ཨིན་པས།
ཨིན་རུང་ གཡུས་ཚན་དེ་ནང་ ད་ལྟོ་ཚུན་ རང་སོའི་ཚོགས་བསགས་སྒྲིབ་སྦྱང་གི་དོན་ལུ་དང་ གསོན་གཤིན་གྱི་དོན་ལུ་ དགེ་བ་དགེ་རྩ་ཚུ་ ག་ཅི་ར་བསྒྲུབ་དགོ་རུང་ བྱ་སྟབས་བདེ་ཐབས་ལུ་དམིགས་ཏེ་ སྤྱི་ལོ་༢༠༠༨ ལས་ གཡུས་ཚན་དེ་ནང་གི་ མི་སེར་ཚུ་དང་ དད་ཅན་སྐྱ་སེར་ཕོ་མོ་ཚུ་གིས་ ཞལ་འདེབས་མ་དངུལ་གྱི་ རྒྱབ་སྐྱོར་ཐོག་ལས་ ཐོག་ཚད་༡ འབད་མི་ ལྷ་ཁང་ཅིག་བཞེངས་ནི་ འགོ་བཙུགས་མི་དེ་ དུས་ཅི་ལས་ ཕྱི་ནང་མེད་པར་ རྟེན་དང་བརྟེན་པ་བཅས་ ཡོངས་རྫོགས་བསྒྲུབས་ཡོདཔ་ལས་བརྟེན་ མི་སེར་ཚུ་གི་ བསམ་པའི་རེ་དོན་ བསྒྲུབས་ཡོདཔ་ལས་ སེམས་དགའ་སྟེ་ཡོདཔ་ཨིན་པས།
དེ་ཡང་ རེ་ས་གཡུས་ཚན་ལས་ སྐྱེས་ལོ་༤༠ ཞེ་གྲངས་ནང་འབད་མི་ རིན་ཆེན་གྱིས་ ཀུན་གསལ་ལུ་ སླབ་མིའི་ནང་ ཧེ་མ་ ལྷ་ཁང་མེད་པའི་སྐབས་ལུ་ ཚེས་བཟང་དུས་བཟང་དང་ ཡར་ངོ་མར་ངོའི་ཚེས་བཅུ་ཚུ་ ལྷ་ཁང་མེདཔ་ལས་ རྩ་བོ་༤ བསྡོམས་ཏེ་ རང་སོའི་ཁྱིམ་ནང་ འགོ་འདྲེན་འཐབ་དགོཔ་ལས་བརྟེན་ དཀའ་ངལ་ཡོད་ཟེར་ཨིན་པས།
ཨིན་རུང་ ད་ལས་ཕར་ སྤྱི་རུབ་ཐོག་ལས་ དམང་གི་ལྷ་ཁང་ནང་ འགོ་འདྲེན་འཐབ་ཚུགས་ནི་ཨིནམ་ལས་ རེ་སའི་མི་སེར་ཚུ་ བསོད་ནམས་མ་རྫོགས་པའི་ རྟགས་མཚན་ལེགས་ཤོམ་ཅིག་ ཨིན་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ སྐྱེས་ལོ་༥༣ ལང་མི་ དབང་ཕྱུག་གིས་ སླབ་མིའི་ནང་ རེ་ས་གཡུས་ཚན་གྱི་ མི་སེར་ཚུ་གི་ ཁ་རྗེ་ལས་བརྟེན་ གཡུས་ཚན་དེ་ནང་ སྔར་མེད་པའི་ སྐྱབས་འཚོལ་སའི་ལྷ་ཁང་ཅིག་ བཞེངས་ཚུགས་ཡོདཔ་མ་ཚད་ ནང་རྟེན་ཚུ་ཡང་ མ་དངུལ་ཞལ་འདེབས་གནང་ཐོག་ལས་ བསྒྲུབས་ཚུགས་མི་ལུ་ བཀྲིན་དགའ་ཚོར་སྦོམ་ཡོད་ཟེར་ཨིན་པས།
ད་ལས་ཕར་ ལྷ་ཁང་དེ་ རེ་སའི་མི་སེར་ཚུ་གི་དོན་ལུ་ ཇི་སྲིད་བསྐལ་པ་མ་སྟོང་གི་བར་དུ་ མི་སེར་ཚུ་གིས་ སྐྱབས་དགོན་ཞུ་སའི་གནས་རྩ་ཅན་ཅིག་ལུ་འགྱུར་ནི་ཨིནམ་ལས་ བསམ་པ་རྫོགས་ཅི་ཟེར་ཨིན་པས།
ཐོག་ཚད་༡ འབད་མི་ ལྷ་ཁང་དེ་ ཟད་འགྲོ་མ་དངུལ་ དངུལ་ཀྲམ་འབུམ་༢༠ ལྷགཔ་ཅིག་ བཏང་ཐོག་ལས་ སྤྱི་ལོ་༢༠༠༨ དེ་ཅིག་ལས་ མི་སེར་ཚུ་གིས་ བཞེངས་ནི་འགོ་བཙུགས་ཡོདཔ་ཨིན་པས།
ལྷ་ཁང་གི་ མ་དངུལ་རྒྱབ་སྐྱོར་དེ་ཡང་ རྒེད་འོག་དང་ གཡུས་སྒོའི་མི་སེར་ དེ་ལས་ ཁས་བླངས་ཐོག་ལས་ བཞེངས་གནང་ཡོདཔ་ད་ ནང་རྟེན་གྱི་གྲངས་སུ་ སྟོན་པ་དང་ གུ་རུ་ ཞབས་དྲུང་ དེ་ལས་ སྤྱན་རས་གཟིགས་ཀྱི་ ལྷ་ཚོགས་ཚུ་ བཞུགས་སུ་གསོལ་ཡོདཔ་ཨིན་པས།
ས་གླིང་རྒཔོ་ བསོད་ནམས་ཡེ་ཤེས་ཀྱིས་ ཀུན་གསལ་ལུ་ སླབ་མིའི་ནང་ ད་ལྟོ་ཚུན་ ས་གླིང་རྒེད་འོག་གི་ རེ་ས་གཡུས་ཚན་ནང་ ཁྱིམ་གུང་པ་༣༠ དེ་ཅིག་ ཡོདཔ་ཨིན་རུང་ ཕྱག་དང་ མཆོད་པ་ཕུལ་ས་དང་ སྐྱབས་མགོན་ཞུ་སའི་ གནས་ངོ་མ་ཅིག་མེདཔ་ལས་བརྟེན་ ཆོས་ཕྱོགས་ཀྱི་ལས་རིམ་ དཔེ་འབད་བ་ཅིན་ ཡར་ངོ་མར་ངོའི་ཚེས་བཅུ་ཚུ་ འགོ་འདྲེན་འཐབ་པའི་སྐབས་ལུ་ རང་སོའི་ཁྱིམ་ནང་ འགོ་འདྲེན་འཐབ་དགོཔ་ལས་ སྟབས་མ་བདེཝ་ཐོན་སྡོད་མི་དེ་ ད་ལས་ཕར་ ལུང་ཕྱོགས་དང་ གཡུས་ཕྱོགས་གཞན་ཚུ་ནང་བཟུམ་སྦེ་ར་ དམང་གི་སྐུ་རིམ་དང་འབྲེལ་བའི་ལཱ་ག་ཅི་ར་འབད་དགོ་རུང་ དམང་གི་ལྷ་ཁང་ནང་སྦེ་ འབད་ཚུགས་ནི་ཨིནམ་ལས་ མི་སེར་ཚུ་ བསམ་པ་རྫོགས་ཅི་ཟེར་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང།

No comments:

Post a Comment