གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཤག་བཟོ་ལུ་བརྟེན་ འོང་འབབ་ལེགས་ཤོམ་ བཟོ་ཚུགས་དོ་ཡོདཔ།

 ལོ་བསྟར་བཞིན་དུ་ གཤག་བཟོ་ལུ་བརྟེན་ འོང་འབབ་དངུལ་ཀྲམ་༢༠༠,༠༠༠ དེ་ཅིག་ བཟོ་ཚུགས་དོ་ཡོདཔ་ཨིན་པས།
སྐྱེས་ལོ་༢༢ ལང་མི་ ཡོན་ཏན་རྒྱ་མཚོ་གིས་ གཤག་བཟོའི་ལཱ་འབད་བའི་བསྒང་།
 ༢༠/༡༠/༡༢། ༉ སྐྱེས་ལོ་༢༢ ལང་མི་ ཡོན་ཏན་རྒྱ་མཚོ་དེ་ ཁོ་རའི་མི་ཚེ་ནང་ ཆ་རོགས་གཞན་ཚུ་བཟུམ་སྦེ་ ཆུང་ཀུའི་བསྒང་ལས་ར་ ཡོན་ཏན་ལྷབ་ནིའི་ གོ་སྐབས་མ་ཐོབ་རུང་ ད་རེས་ནངས་པ་ ཁོ་རའི་མི་ཚེ་དེ་ རང་མགོ་རང་འདྲོངས་སྦེ་ སྡོད་ཚུགས་མི་དེ་ཡང་ གཙོ་བོ་ར་ ཁོ་རའི་ སྐྱེས་སྟོབས་ཀྱི་རིག་པ་ལུ་བརྟེན་ཨིན་པས།
དེ་ཡང་ མོང་སྒར་རྫོང་ཁག་ སྐྱེངས་མཁར་རྒེད་འོག་ སྤུན་ཕུ་གཡུས་ཚན་ལས་ཨིན་མི་ ཡོན་ཏན་རྒྱ་མཚོ་གིས་ དྲོ་པ་ཧ་སག་ལས་ ལོང་ཞིནམ་ལས་ ལཱ་འབད་སར་མཐོང་མི་དེ་ཡང་ དངུལ་གྱི་འོང་འབབ་བཟོ་ཐབས་ལུ་དམིགས་ཏེ་ གཤག་བཟོའི་རིགས་ དཔེ་འབད་བ་ཅིན་ འབགཔ་དང་ ཕོརཔ་ དེ་ལས་ པ་ལང་ཚུ་བཟོ་སྟེ་ བཙོང་ནི་ལུ་ རྩ་འགེངས་དོ་ཡོདཔ་ཨིན་པས།
ཁོ་གིས་ ལོ་བསྟར་བཞིན་དུ་ གཤག་བཟོ་ལུ་བརྟེན་ དངུལ་གྱི་འོང་འབབ་ དངུལ་ཀྲམ་༢༠༠,༠༠༠ དེ་ཅིག་ བཟོ་ཚུགས་དོ་ཡོདཔ་ལས་ ཁོ་རའི་སྤུན་ཆ་ཚུ་ལུ་ ཟད་འགྲོ་གཏང་དོ་ཡོདཔ་མ་ཚད་ སང་ཕོད་ལས་འབད་བ་ཅིན་ རྒེད་འོག་ནང་ གློག་མེ་ལྷོད་ཚུགས་ནི་ཨིནམ་ལས་ དངུལ་གྱི་འོང་འབབ་དེ་ ཧེང་སྐལ་ར་ སྦོམ་བཟོ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ཁོ་ར་ ཆུང་ཀུའི་བསྒང་ལས་ར་ དཔེ་ཆ་ལྷབ་མ་ཚུགས་རུང་ ད་རེས་ནངས་པ་ གཤག་བཟོ་ལུ་ སྤྲོ་བ་བསྐྱེད་དེ་ ལཱ་འབད་མི་དེ་ཡང་ ནང་མི་བཟའ་ཚང་ཚུ་ འཚོ་སྐྱོང་འཐབ་ཚུགས་ནིའི་དོན་ལུ་ ཨིན་ཟེར་ཨིནམ་ད་ དེ་ཡང་ ཁོ་གིས་ ལག་བཟོ་ལུ་སྤྲོ་བ་དེ་ ཧེ་མ་ལས་ཡོད་པའི་གུ་ སྐྱེས་ལོ་༡༦ དེ་ཅིག་ལས་ ཁོ་གིས་ ལག་བཟོ་ཚུ་ ཐིམ་ཕུ་ལུ་ཡང་ བཙོང་པར་འབག་ནི་ འགོ་བཙུགས་ཅི་ཟེར་ཨིན་པས།
ད་ལྟོ་ཚུན་ཚོན་ གཤག་བཟོའི་དོན་ལུ་ བཟོ་ཤིང་ཚུ་ཡང་ སྐྱེངས་མཁར་རྒེད་འོག་ལས་ར་ འཚོལ་དོ་ཡོདཔ་ཨིན་རུང་ ཁོ་གིས་འབད་བ་ཅིན་ མ་འོངས་པ་ལུ་ བཟོ་ཤིང་འཐོབ་ཚུགས་ནི་ལུ་ ལཱ་ཁག་འོང་ནི་བཟུམ་ཡོད་མི་དེ་ཡང་ ལོ་བསྟར་བཞིན་དུ་ ལག་བཟོ་ལུ་ སྤྲོ་བ་བསྐྱེད་མི་དེ་ མང་སུ་ཐོན་དོ་ཡོདཔ་ལས་བརྟེན་ ཨིན་ཟེར་ཨིན་པས།
ཁོ་གིས་ འབགཔ་སྣ་ཚོགས་དང་ པ་ལང་ ཕོརཔ་ ལ་སོགས་པ་ཚུ་བཟོ་ནིའི་དོན་ལུ་ ཤིང་ཚུ་ཡང་ ལོ་༡ གི་ ཧེ་མ་ལས་ འཚོལ་ནི་ཡོད་ཟེར་ཨིནམ་ད་ དེ་ཡང་ ལག་བཟོའི་ཐོན་བསྐྱེད་ཚུ་ སྤུས་ཚད་ཅན་ཅིག་ འོང་ཐབས་ལུ་ཨིནམ་ད་ ད་རེས་ནངས་པ་ ཁོ་གིས་ པ་ལང་ཆ་རེ་ལུ་ དངུལ་ཀྲམ་༢,༠༠༠ རེ་དང་ འབགཔ་ཚུ་ལུ་ ཉུང་ཤོས་དངུལ་ཀྲམ་༡,༠༠༠ རེ་ སླབ་དོ་ཡོདཔ་ཨིན་པས།
ཧེ་མ་འབད་བ་ཅིན་ སྐྱེངས་མཁར་རྒེད་འོག་དེ་ མཐའ་ཟུར་གྱི་ རྒེད་འོག་ཅིག་འབད་མི་ལུ་བརྟེན་ གཡུས་མི་ཚུ་ གཤག་བཟོ་ལུ་ ག་དེམ་ཅིག་མཁས་རུང་ ད་རེས་ནངས་པ་བཟུམ་སྦེ་ བཙོང་སའི་ས་ཁོངས་མེདཔ་ལས་ དུས་ཡུན་ཞག་ལས་བཅད་དེ་ ཉེ་འདབས་ཀྱི་ཁྲོམ་ མོང་སྒར་ལུ་ བཙོང་པར་འགྱོ་ནི་ཡོདཔ་ཨིན་པས།
དེ་བསྒང་ དངུལ་གྱི་འོང་འབབ་ཡང་ ད་རེས་ནངས་པ་ བཟུམ་ཅིག་མེདཔ་ལས་ གཤག་བཟོ་ལུ་བརྟེན་ བཟའ་ཚང་འཚོ་སྐྱོང་འཐབ་ཚུགས་ནི་དེ་ དཀའ་ངལ་སྦོམ་ཡོད་ལུགས་ཚུ་ ཁོ་རའི་ ཨ་པ་དང་ རྒན་ཤོས་ཚུ་གིས་ སླབ་དོ་ཡོདཔ་མ་ཚད་ ཁོ་གིས་ཡང་ དུམ་གྲ་རེ་ དྲན་ཚོར་འབདཝ་མས་ཟེར་ཨིན་པས།
ཡོན་ཏན་གྱིས་འབད་བ་ཅིན་ ད་རེས་ནངས་པ་ ན་གཞོན་ཚུ་གིས་ ཡོན་ཏན་སྦྱང་ཚར་བའི་མཐའ་མར་ གཞུང་གཡོག་ནང་འཛུལ་ནི་དཔའ་བཅའ་དོ་ཡོདཔ་ལས་ ཁོ་གིས་འབད་བ་ཅིན་ ད་རེས་ནངས་པ་ གཤག་བཟོ་ལུ་ ལྷབ་སྦྱང་འབད་བ་ཅིན་ མ་འོངས་པའི་ནང་ ལག་བཟོ་ལས་བརྟེན་འོང་འབབ་སྦོམ་བཟོ་ཚུགས་པའི་ རེ་བ་བསྐྱེད་དོ་ཡོདཔ་ཨིན་པས།
དེ་ཡང་ རྒྱལ་ཁབ་ཀྱི་ས་གནས་མཐའ་དབུས་མེད་པར་ འཁོར་ལམ་ཚུ་ ལྷོད་ཚུགས་དོ་ཡོདཔ་ལས་ ནང་འཁོད་ཀྱི་མི་སེར་ནང་ ཕྱིའི་ལྟ་བཤལ་པ་ཚུ་གིས་ཡང་ མཐའ་ཟུར་གྱི་ ས་གནས་ཁག་ཚུ་ནང་ ལྷོད་མ་ཚུགས་པའི་དཀའ་ངལ་མེདཔ་ལས་ དཔེ་འབད་བ་ཅིན་ འདས་པའི་ལོ་དག་པ་ཅིག་དེ་ཅིག་ལུ་ སྐྱེངས་མཁར་དེ་ མཐའ་ཟུར་ཨིན་རུང་ ད་རེས་ནངས་པ་ ལག་བཟོ་ལུ་བརྟེན་ ལྟ་བཤལ་གྱི་ ས་ཁོངས་ངོ་མ་ཅིག་ལུ་འགྱུར་ནིའི་ འོས་འབབ་ཡོད་ཟེར་ཨིན་པས།
དེ་ཡང་ སྐྱེངས་མཁར་རྒེད་འོག་ནང་ སྣུམ་འཁོར་གྱི་ལམ་ལྷོད་ཡོདཔ་ལས་བརྟེན་ དུས་ཅི་ལས་ གཤག་བཟོའི་མཁོ་ཆས་ཚུ་ བཙོང་ནིའི་དོན་ལུ་ བཙོང་ཁང་ཡང་ ཏཱ་ར་ཡ་ན་གིས་ རྒྱབ་སྐྱོར་ཐོག་ལས་བཟོ་ཡོདཔ་ལས་ ཧེ་མ་བཟུམ་སྦེ་ གཤག་བཟོའི་ཐོན་སྐྱེད་ཚུ་ བཙོང་མ་ཚུགས་པའི་དཀའ་ངལ་མེདཔ་ད་ བཟོ་རིགས་ལུ་ སྤྲོ་བ་བསྐྱེད་བཅུག་ཐབས་ལུ་ ཏཱ་ར་ཡ་ན་དང་ ཧེལ་བི་ཏཱལི་གིས་ བཙོང་ཁང་༤ དེ་ཅིག་ བཟོ་ཡོདཔ་མ་ཚད་ བཟོ་མི་དེ་ སྡེ་ཚན་ཁག་༤ དེ་ཅིག་ ཡོདཔ་ཨིན་པས།
སྐྱེངས་མཁར་རྒེད་འོག་དེ་ ཧེ་མ་འབད་བ་ཅིན་ ཉིན་ལམ་༤ དང་༥ གི་ ས་གནས་ཁར་ཨིན་རུང་ ད་རེས་ནངས་པ་ སྣུམ་འཁོར་ལམ་ ལྷོད་ཚུགས་མི་ལུ་བརྟེན་ ཉིནམ་༡ ཡང་ མི་འགོར་དོ་ཡོདཔ་ད་ སྐྱེངས་མཁར་རྒཔོ་ ཀརྨ་རྡོ་རྗེ་གིས་ སླབ་མིའི་ནང་ རྒེད་འོག་དེ་ནང་ དུས་ཅི་ལས་ འཁོར་ལམ་གྱི་ཞབས་ཏོག་ ལྷོད་ཚུགསཔ་མ་ཚད་ སང་ཕོད་ལས་ གློག་མེའི་ ཞབས་ཏོག་ཡང་ ལྷོད་ཚུགས་ནི་ཨིནམ་ལས་ བཟོ་རིགས་ཀྱི་ལཱ་འབད་ནི་ལུ་ ཕན་ཐོགས་སྦོམ་འབྱུང་ནི་ཨིནམ་ལས་ རྒེད་འོག་དེ་ནང་ ཁྱིམ་གུང་པ་༤༠༠ དེ་ཅིག་གི་ འཚོ་བའི་གནས་སྟངས་དེ་ འགྱུར་བ་སྦོམ་འགྱོ་འོང་ཟེར་ ཨིན་པའི་གནས་ཚུལ།



No comments:

Post a Comment