གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཉམས་མྱོང་དང་ཤེས་མཐོང་ཅན་གྱི་ གསལ་བཤད་ལས་རིམ།

༣༡/༡༠/༢༠༡༢   ༉ ཀྲོང་གསར་སྟག་རྩེ་རིག་གཞུང་མཐོ་རིམ་སློབ་གྲྭ་གིས་ དུས་ཅི་ ཤེས་རིག་གི་ ལོ་བརྒྱ་འཁོར་བའི་དུས་སྟོན་དང་འབྲེལ་ འགོ་དང་པ་ ཉམས་མྱོང་དང་ཤེས་མཐོང་ཅན་གྱི་ གསལ་བཤད་ལས་རིམ་ཟེར་ ཆགས་རབས་དང་ ལམ་སྲོལ་གྱི་བརྗོད་དོན་ཐོག་ལུ་ ཉིན་གྲངས་༡ འབད་མི་ ལས་རིམ་ཅིག་ འགོ་འདྲེན་འཐབ་ཅི།
སྟག་རྩེ་རིག་གཞུང་མཐོ་རིམ་སློབ་གྲྭ་ནང་ ཉམས་མྱོང་དང་ཤེས་མཐོང་ཅན་གྱི་ གསལ་བཤད་ལས་རིམ་ འགོ་འདྲེན་འཐབ་པའི་བསྒང་།


ལས་རིམ་དེ་ གཙོ་བོ་ར་ གཡུས་ཚན་ནང་སྡོད་མི་ རྒས་ཤོས་ཚུ་ལུ་ ཁོང་ར་ དང་ཕུ་ག་དེ་སྦེ་ སྡོད་དོ་ཡོདཔ་ཨིན་ནའི་སྐོར་ལས་ གསལ་བཤད་འབད་ནི་གི་ གོ་སྐབས་བྱིན་ཐབས་ལུ་ཨིན་པས།
དེ་མ་ཚད་ རྒྱལ་ཁབ་ནང་ཡོད་པའི་ གནས་རྩ་ཅན་དང་ རྒྱལ་རབས་ཅན་གྱི་ ལྷ་ཁང་དང་ དགོན་སྡེ་ཚུ་གི་སྐོར་ལས་ ཆགས་རབས་ཚུ་ གསལ་བཤད་འབད་ནི་གི་ གོ་སྐབས་ཡང་ཨིན་ཟེར་ རིག་གཞུང་མཐོ་རིམ་སློབ་གྲྭའི་ ལེགས་སྦྱར་བ་ བསོད་ནམས་སྙན་གྲགས་ཀྱིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ དེ་བཟུམ་མའི་ གསལ་བཤད་འབད་མི་དེ་ མ་འོངས་པ་ལུ་ རིག་གཞུང་མཐོ་རིམ་སློབ་གྲྭ་ནང་ ཤེས་ཡོན་སྦྱང་མི་ཚུ་ལུ་ རྒྱབ་རྟེན་དཔེ་དེབ་འབད་ཚུགས་པའི་ཁར་ མ་དངུལ་གྱི་ རྒྱབ་སྐྱོར་ཐོབ་པ་ཅིན་ ཀི་དེབ་སྦེ་བཟོ་སྟེ་ པར་སྐྲུན་འབད་ནི་གི་ དམིགས་གཏད་ཡོད་ཟེར་ཨིན་པས།
མཐོ་རིམ་སློབ་གྲྭ་ལས་ གནས་ཚུལ་གསར་སྟོན་འབད་མི་དང་འཁྲིལ་བ་ཅིན་ རྒྱལ་ཁབ་ཀྱི་ བསྒྱུར་བ་དང་བསྟུན་ རྒྱལ་རབས་ཀྱི་གནས་སྟངས་ལུ་ ཐོ་སྦོམ་ཕོག་ཉེན་ཡོདཔ་ལས་ རྒྱལ་རབས་མང་ཤོས་ར་ ཁ་རྒྱུན་ལས་སྤེལ་ཏེ་ ཡོདཔ་བཞིན་དུ དེ་ཚུ་ ཡལ་ཉེན་སྦོམ་འདུག་ཟེར་ཨིན་པས།
ལས་རིམ་དེ་གིས་ གྲོང་གསེབ་ནང་ལས་ཕར་སྡོད་མི་ ལྕོགས་གྲུབ་དང་ ཉམས་མྱོང་ཅན་གྱི་ མི་ཚུ་ལུ་ མ་འོངས་པའི་དོན་ལུ་ གསལ་བཤད་འབད་ནི་གི་ གོ་སྐབས་འཐོབ་ཚུགས་ཟེར་ཨིནམ་ད་ ཨིན་རུང་ མི་མང་ཤོས་ཀྱིས་ གསལ་བཤད་འབད་མི་ཚུ་ལུ་ཡོད་པའི་ ཡོན་ཏན་གྱི་སྐོར་ལས་ ཤེས་རྟོགས་མིན་འདུག་ཟེར་ཨིན་པས།
མ་འོངས་པའི་དོན་ལུ་དང་ ཁོང་གི་ཤེས་ཡོན་ཚུ་ ཐབས་ཤེས་ཀྱི་ཐོག་ལས་ ཡུན་བརྟན་བཞག་ནི་གི་ ལས་རིམ་དེ་གིས་ ཐབས་སྒྲིག་ཚུགས་པའི་ རེ་བ་ཨིན་ཟེར་ གནས་ཚུལ་གསར་སྟོན་ནང་ བཀོད་ནུག།
གསལ་བཤད་འབད་མི་ཚུ་གི་གྲས་ལས་ སྐྱེས་ལོ་༨༩ ལང་མི་ མེ་མེ་གྲུབ་བ་ལ་ཨིནམ་ད་ ཁོ་གིས་ འབྲུག་རྒྱལ་༢ པའི་སྐབས་ལུ་ ཕྱག་ཞུ་ཡོད་པའི་སྐོར་ལས་ ཉམས་མྱོང་ཚུ་ གསལ་བཤད་འབད་ཡོདཔ་ད་ དེ་བཟུམ་སྦེ་ གཞན་གསལ་བཤད་འབད་མི་ཚུ་གིས་ གནས་དང་ དགོན་སྡེ་ཚུ་གི་ ཆགས་རབས་དང་ གཅིག་གིས་ ནང་པའི་སྨན་བཅོས་འབད་ཐངས་ཀྱི་སྐོར་ལས་ གསལ་བཤད་འབད་ཡོདཔ་ཨིན་པས།
ནང་པའི་སྨན་བཅོས་འབད་མི་ ཨཔ་སངས་རྒྱས་ཀྱིས་ ཁོ་རའི་ དང་འདོད་ཡོདཔ་ལས་ མི་ལུ་རྐྱངམ་གཅིག་མེན་པར་ སྒོ་ནོར་སེམས་ཅན་ཚུ་ རྐང་ཚིགས་ལག་ཚིགས་ བཅག་དཀྲུམས་འབད་བའི་སྐབས་ལུ་ཡང་ ཁོ་གིས་ བཅོ་ཁ་རྐྱབ་དོ་ཟེར་ཨིན་པས།
ལོ་ངོ་༢ པའི་ནང་ དཔེ་ཆ་ལྷབ་མི་ ཕུརཔ་རྡོ་རྗེ་གིས་འབད་བ་ཅིན་ དེ་བཟུམ་མའི་ ལས་རིམ་གྱིས་ ཤེས་ཡོན་སྦྱང་མི་ ཁོང་བཟུམ་ཚུ་ལུ་ རྒྱབ་རྟེན་དང་ དང་ཕུའི་ གནས་སྟངས་སྐོར་ལས་ ཤེས་ཚུགསཔ་ལས་ ཕན་ཐོགས་སྦོམ་འདུག་ཟེར་ཨིན་པས།
སྟག་རྩེ་རིག་གཞུང་མཐོ་རིམ་སློབ་གྲྭ་གིས་ མ་འོངས་པ་ལུ་ཡང་ ལོ་བསྟར་བཞིན་དུ་ དེ་བཟུམ་མའི་ གསལ་བཤད་ལས་རིམ་ཚུ་ འགོ་འདྲེན་འཐབ་ནི་གི་ འཆར་གཞི་ཡོདཔ་ཨིན་པའི་གནས་ཚུལ།


ཀྲོང་གསར་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment