གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གངས་ལྗོངས་ཀྱི་ ཨམ་སྲུ་ཚུ་གིས་ ཡུན་བརྟན་གོང་འཕེལ་དང་འབྲེལ་བའི་ ལཱ་གན་གྱི་ གྲོས་འཛོམས་འབད་དོ་ཡོདཔ།

༡༦/༡༠/༢༠༡༢    ༉ ཁ་ཙ་ལས་འགོ་བཙུགས་ ཧིན་དུ་ཀུཤི་ལུང་ཕྱོགས་ཀྱི་ ཞིབ་འཚོལ་པ་དང་ སྲིད་བྱུས་བརྩམ་མི་ དེ་ལས་ གོང་འཕེལ་གྱི་ལཱ་འབད་མི་ཚུ་གིས་ ཐིམ་ཕུ་ལུ་སྦེ་ གངས་ལྗོངས་ཚུ་ནང་སྡོད་མི་ ཨམ་སྲུ་ཚུ་གིས་ ཡུན་བརྟན་གངས་རི་གོང་འཕེལ་དང་འབྲེལ་བའི་ ལཱ་གན་ཚུ་ ག་ཅི་ར་ འབག་དགོཔ་ཨིན་ནའི་སྐོར་ལས་ གྲོས་འཛོམས་འབད་བའི་བསྒང་ཡོདཔ་ཨིན་པས།


དེ་བཟུམ་མའི་ཞལ་འཛོམས་ཅིག་ ལོ་༡༠ དེ་ཅིག་གི་ཧེ་མར་ སྤ་རོ་ལུ་སྦེ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ཞལ་འཛོམས་དེ་ཡང་ རྒྱལ་སྤྱི་གཅིག་སྒྲིལ་གངས་རི་གོང་འཕེལ་ལྟེ་བ་དང་ འབྲུག་གི་སོ་ནམ་ལྷན་ཁག་ དེ་ལས་ རྒྱལ་ཡོངས་ཨ་ལུ་དང་ ཨམ་སྲུའི་ལྷན་ཚོགས་༣ གྱིས་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ད་ རྒྱལ་སྤྱི་གཅིག་སྒྲིལ་གངས་རི་གོང་འཕེལ་ལྟེ་བའི་ ཡོངས་ཁྱབ་མདོ་ཆེན་ ཌོག་ཊར་ཌ་བིཌ་ མཱོལ་ཌེན་གྱིས་འབད་བ་ཅིན་ ད་རེས་ཀྱི་ཞལ་འཛོམས་ཀྱི་སྐབས་ གངས་རིའི་ས་ཁོངས་ཚུ་ནང་སྡོད་མི་ མི་སྡེ་ཚུ་ལུ་ གྲོགས་རམ་འབད་ནི་ལུ་ ཤུགས་བཏོན་དོ་ཡོདཔ་བཞིན་དུ་ གངས་རིའི་ས་ཁོངས་ཚུ་ནང་སྡོད་མི་ཚུ་ལུ་ སྤུས་ཚད་ཅན་དང་ མགྱོགས་དྲགས་ཅན་གྱི་ཐོག་ལས་ གྲོགས་རམ་འབད་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཞལ་འཛོམས་དེ་ནང་ ལུང་ཕྱོགས་ཀྱི་ སྲིད་བྱུས་བརྩམ་མི་དང་ ས་ཁོངས་ཚུ་ནང་ གོང་འཕེལ་གྱི་ལཱ་འབད་མི་ ལེ་ཤ་ཅིག་ཡོདཔ་ལས་ རྒྱལ་སྤྱི་གཅིག་སྒྲིལ་གངས་རི་གོང་འཕེལ་ལྟེ་བའི་ གནས་སྐབས་དང་ ཡོན་ཏན་ཚུ་ ཁོང་ཆ་ཁྱབ་ལུ་ སྤེལ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
གངས་རིའི་ས་ཁོངས་ཚུ་ནང་སྡོད་མི་ཚུ་ལུ་ གྲོགས་རམ་འབད་ནི་ཟེར་བའི་སྐབས་ལུ་ དཔེ་འབད་བ་ཅིན་ ཁོང་གིས་ ཐོན་སྐྱེད་ཀྱི་རིགས་ཚུ་ འཇམ་ཏོང་ཏོ་སྦེ་ ཚོང་འབྲེལ་འཐབ་ཚུགསཔ་ བཟོ་ནི་དེ་ ཨིན་ཟེར་ཨིན་པས།
ཡོངས་ཁྱབ་མདོ་ཆེན་གྱིས་ བཤད་མིའི་ནང་ ང་བཅས་ཀྱིས་ གནམ་གཤིས་འགྱུར་བགྲོད་དང་ གངས་རའི་ས་ཁོངས་ཚུ་ནང་སྡོད་མི་ ཨམ་སྲུ་ཚུ་གི་སྐོར་ལས་ སླབ་པའི་སྐབས་ དེ་ནང་ ཨམ་སྲུ་ཚུ་གིས་ ལཱ་གན་ག་ཅི་བཟུམ་ཅིག་ར་ འབག་དགོཔ་ཨིན་ནའི་སྐོར་ལས་ ཧ་གོ་དགོ་ཟེར་ཨིན་པས།
དེ་དང་འཁྲིལ་ གངས་རི་ཡུན་བརྟན་གོང་འཕེལ་གྱི་ལཱ་ནང་ ཨམ་སྲུ་ཚུ་གིས་ཡང་ གན་འཁུར་ཚུ་ ལེ་ཤ་ཅིག་ར་ འབག་དགོཔ་ཡོདཔ་ལས་ ལུང་ཕྱོགས་ནང་ ལཱ་ག་ཅི་བཟུམ་ནང་ར་འབད་རུང་ ཨམ་སྲུ་ཚུ་གིས་ འབྲེལ་གཏོགས་འབད་ནི་དེ་ལུ་ གོང་འཕེལ་བཏང་དགོཔ་ཡོད་ཟེར་ཨིན་པས།
སོ་ནམ་བློན་པོ་ ཌོག་ཊར་པདྨ་རྒྱ་མཚོ་གིས་ འབད་བ་ཅིན་ ཧེ་མ་ སྤྱི་ལོ་༢༠༠༢ ལུ་ སྤ་རོ་ལུ་སྦེ་ གངས་རིའི་ས་ཁོངས་ཚུ་ནང་སྡོད་མི་ ཨམ་སྲུ་ཚུ་གི་སྐོར་ལས་ ཞལ་འཛོམས་འགོ་འདྲེན་འཐབ་པའི་སྐབས་ འབྲུག་རྒྱལ་ཁབ་ནང་ ཕོ་མོའི་བར་ན་ ཁྱད་པར་མེདཔ་སྦེ་ མཐོང་ཡོདཔ་ཨིན་རུང་ ད་རེས་ཀྱི་གནས་སྟངས་ནང་ མ་གཞི་ གལ་གནད་ཅན་མེན་རུང་ དེ་བཟུམ་མའི་ཁྱད་པར་ དུམ་གྲ་རེ་ ཡོདཔ་མཐོང་ཡི་ཟེར་ཨིན་པས།
དེ་གི་དོན་ལུ་ ཁྲིམས་ལུགས་ཚུ་ཡང་ བཟོ་བའི་བསྒང་ར་ཡོདཔ་བཞིན་དུ་ ཞལ་འཛོམས་དེ་གི་སྐབས་ རྒྱལ་ཁབ་གཞན་ཚུ་ནང་ དེ་བཟུམ་མའི་གནད་དོན་ཚུ་གི་དོན་ལུ་ ལཱ་དང་ཐབས་ལམ་ཚུ་ ག་དེ་སྦེ་ར་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་ནའི་སྐོར་ལས་ ཉམས་མྱོང་ཚུ་ བརྗེ་སོར་འབད་ནི་ཨིན་ཟེར་ཨིན་པས།
གལ་སྲིད་ རྒྱལ་ཁབ་གཞན་ཚུ་ནང་ ལག་ལེན་འཐབ་མི་ཐབས་བྱུས་ཚུ་ ལེགས་ཤོམ་དང་ འོས་འབབ་ཡོདཔ་མཐོང་པ་ཅིན་ ང་བཅས་རའི་རྒྱལ་ཁབ་ནང་ཡང་ཐབས་བྱུས་དེ་ འགོ་འདྲེན་འཐབ་ནི་ཨིན་ཟེར་ཨིན་པས།
ཉིན་གྲས་༥ འི་རིང་འཚོགས་ནི་ཨིན་མི་ཞལ་འཛོམས་དེ་ སྤྱི་ཟླ་༡༠ པའི་ཚེས་༡༩ ལུ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment