གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྣུམ་འཁོར་རྦོལ་རིལ་བའི་རྐྱེན་ངན་ནང་ འགྲུལ་པ་༢ ཆ་ར་ལུ་ཤི་རྐྱེན།

༢༣/༡༠/༢༠༡༢     སྣུམ་འཁོར་ཤུགས་ཚད་ལས་བརྒལ་བཏང་པའི་ དོགས་པ་ཡོདཔ།

༉ རེས་གཟའ་ཟླ་བའི་ཕྱི་རུ་ རྩི་རང་དང་ དབང་འདུས་ཕོ་བྲང་གི་ གཞུང་ལམ་ཁར་ སྣུམ་འཁོར་ཨཱལ་ཊོ་ཀཱར་ཅིག་ ལམ་འོག་ལས་མར་ མི་ཊར་༡༠༠ དེ་ཅིག་གི་ས་ཁར་ རྦོབ་རིལ་ཡར་སོཔ་ལས་ སྐྱེས་ལོ་༢༣ དང་༢༦ ལང་མི་ ཕོ་སྐྱེས་༢ ཁ་འཐུམ་མར་ བསད་ཡོདཔ་ཨིན་པས།


ཐུག་རྐྱེན་དེ་ཡང་ དེ་ཚེ་ཕྱི་རུའི་ཆུ་ཚོད་༧ དེ་ཅིག་ཁར་ རྩི་རང་ལས་ ཀི་ལོ་མི་ཊར་༢༥ དེ་ཅིག་གི་ ས་གནས་བུ་རི་ཆུ་ལུ་ལྷོདཔ་ད་ བྱག་གཟར་དྲགས་ཅིག་གུ་ལས་མར་ བུད་ཡར་སོངཔ་ཨིན་པས།
དེ་བསྒང་ སྣུམ་འཁོར་ནང་ ཁོང་༢ མ་གཏོགས་ ལམ་འགྲུལཔ་གཞན་མེདཔ་ཨིན་པས།
བསམ་རྩེ་རྫོང་ཁག་ལས་ཨིན་མི་ སྐྱེས་ལོ་༢༦ ལང་མི་ ཉམས་རྒུདཔ་དེ་ ཆུ་ཁ་རྫོང་ཁག་གི་ བཟོ་རིག་འགོ་དཔོན་འོག་མ་དང་ པདྨ་དགའ་ཚལ་རྫོང་ཁག་ལས་ སྐྱེས་ལོ་༢༣ ལང་མི་ ཚེ་འདས་དེ་ཡང་ མང་སྡེ་ཆུ་གློག་མེ་ལས་འགུལ་ནང་ བཟོ་རིག་འགོ་དཔོན་འོག་མ་སྦེ་ ལཱ་འབད་མི་ཨིནམ་ད་ ཁོང་༢ ཆ་ར་ ཆ་རོགས་ཨིན་པས།
ཚེ་འདས་དེ་གཉིས་ དེ་ཚེ་དྲོ་པར་ དབང་འདུས་ལས་ གསར་སྤང་ལུ་ ས་འཇལ་ནིའི་དོན་ལུ་ ཆུ་ཁ་རྫོང་ཁག་བཟོ་རིག་འགོ་དཔོན་གྱི་ ཕམ་བསྐྱལ་བའི་ཤུལ་ལས་ ལོག་དབང་འདུས་ཕོ་བྲང་ལུ་འོངམ་ད་ རྐྱེན་ངན་བྱུང་ཡོདཔ་ཨིན་པས།
ཁོང་༢ ཀྱི་གནས་ཚང་༢ ཆ་ར་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་ནང་ ལཱ་འབད་དོ་ཡོདཔ་ཨིན་པས།
རྐྱེན་ངན་དེ་གི་སྐོར་ལས་ གཞུང་ལམ་གྱི་ ཉེ་འདབས་ལུ་ཡོད་པའི་ དར་དཀར་ནང་གཙང་ཁ་རྒེད་འོག་ ས་ལམ་ཇི་གཡུས་ཚན་གྱི་ མི་ཚུ་གིས་ སྙན་ཞུ་འབད་ཡོདཔ་ད་ ཁོང་གཉིས་ཀྱི་ཕུངམ་དེ་ ས་གནས་ཀྱི་མི་དང་ ཁྲིམས་སྲུང་འགག་པའི་ སྡེ་ཚན་གྱིས་ དུས་ཡུན་ཆུ་ཚོད་༢ དེ་ཅིག་གི་རྒྱབ་ལས་ འཚོལ་ཐོབ་སྟེ་ ཁ་ཙ་ སྤུན་ཆ་ཚུ་ལུ་ རྩིས་སྤྲོད་འབད་ནུག།
ཚེ་འདས་༢ ཀྱི་ མགུ་ཏོ་གུ་ རྨ་སྐྱོན་སྦོམ་བྱུང་ཡོདཔ་མ་ཚད་ ནང་འགྲམ་ཤུགས་སྦེ་ རྐྱབ་ཡོདཔ་ད་ སྣུམ་འཁོར་དེ་ཡང་ བཅོ་ཁ་རྐྱབ་མ་ཚུགསཔ་ཡར་སོ་ནུག་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ སྣུམ་འཁོར་ཤུགས་ཚད་ལས་བརྒལ་ཏེ་ བཏང་ཡོདཔ་མ་ཚད་ ཆོག་ཐམ་ཡང་མིན་འདུག་ཟེར་ཨིན་པའི་གནས་ཚུལ།

རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment