གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སོ་ནམ་ལཱ་གི་ དྲག་ཤོས་ཐོན་མི་སློབ་གྲྭ་ཚུ་ལུ་ ངོས་ལེན་ལེགས་ཤོམ་བྱུང་དོ་ཡོདཔ།

༢༦/༡༠ཨ༢༠༡༢   ༉ དུས་ཅི་ རྒྱལ་ཁབ་ཀྱི་ སློབ་གྲྭ་༢༠ འི་ནང་གི་ སློབ་ཕྲུག་ཚུ་གིས་ སོ་ནམ་གྱི་ལཱ་འབད་ནི་དང་ སློབ་སྦྱོང་ རིག་རྩལ་ ཉམས་མྱོང་ཚུ་ཐོབ་ཡོདཔ་བཞིན་དུ་ སློབ་གྲྭ་ཁག་གིས་ འབྲེལ་གཏོགས་འབད་མི་ལས་ དྲག་ཤོས་དེ་ རྟེན་འབྲུ་འབྲིང་རིམ་སློབ་གྲྭ་གོང་མ་གིས་ ཐོན་ཡོདཔ་ཨིན་པས།


དེ་ཡང་ ནགས་ཚལ་དང་སོ་ནམ་ལྷན་ཁག་འོག་གི་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཞིབ་འཚོལ་ཚོགས་སྡེ་གིས་ སློབ་གྲྭ་ཚུ་གི་ དམིགས་གཏད་དང་ འཆར་གཞི་ལས་རིམ་ དེ་ལས་ ལཱ་གི་གྲུབ་འབྲས་སྙན་ཞུ་དང་འཁྲིལ་ མཁས་མཆོག་སྡེ་ཚན་གྱིས་ ཞིབ་དཔྱད་འབད་དེ་ རྒྱལ་ཁབ་ཀྱི་ སློབ་གྲྭ་༢༠༠ གིས་ འབྲེལ་གཏོགས་འབད་ཡོད་མིའི་གྲས་ལས་ དྲག་ཤོས་བཏོན་ཡོདཔ་ཨིན་པས།
རང་བཞིན་སླར་འབྱུང་ཐོན་སྐྱེད་ཞིབ་འཚོལ་ཚོགས་སྡེ་ལས་ ཞིབ་འཚོལ་འགོ་དཔོན་ བི་བི་རའི་གིས་ སླབ་མི་དང་འཁྲིལཝ་ད་ སློབ་གྲྭ་ཁག་ལས་ཕར་ སོ་ནམ་ཡར་རྒྱས་ལས་རིམ་འགོ་འདྲེན་འཐབ་དགོ་མི་དེ་ སོ་ནམ་གྱི་ལཱ་ལུ་ སློབ་ཕྲུག་ཚུ་གིས་ ལྕོགས་གྲུབ་དང་ ཡོན་ཏན་ རིག་རྩལ་ དེ་ལས་ ཉམས་མྱོང་ཚུ་ འཐོབ་བཅུག་ནིའི་དོན་ལུ་དང་ ལཱ་གཡོག་གི་ དཀའ་ངལ་བསལ་ཐབས་ལུ་ དམིགས་གཏད་ཨིན་ཟེར་ཨིན་པས།
སློབ་ཕྲུག་དང་ སྤྱིར་བཏང་ མི་སྡེ་ལུ་ ཟས་བཅུད་ལྡན་པའི་བཞེས་སྒོའི་རིགས་དང་ བཞེས་སྒོའི་ཉེན་སྲུང་ དེ་ལས་ མི་སྡེའི་ དབུལ་ཕོངས་ཀྱི་དཀའ་ངལ་བསལ་ནི་ལུ་ སོ་ནམ་སློབ་གྲྭའི་ལས་རིམ་སྦེ་ གཞི་བཙུགས་འབད་ཡོདཔ་ད་ དེ་ཡང་ སྒེར་གྱི་སློབ་གྲྭ་ཚུ་ནང་ མིན་པར་ གཞུང་གི་སློབ་གྲྭ་ཚུ་ནང་ལུ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
སོ་ནམ་དང་ནགས་ཚལ་ལྷན་ཁག་དང་ ཤེས་རིག་ལྷན་ཁག་གཉིས་མཉམ་འབྲེལ་ཐོག་ལས་ སློབ་གྲྭའི་སོ་ནམ་ལས་རིམ་དེ་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ རང་བཞིན་ཐོན་སྐྱེད་ཞིབ་འཚོལ་ཚོགས་སྡེའི་ འབྲེལ་ཡོད་འགོ་དཔོན་ཚུ་གིས་ སློབ་གྲྭ་ཁག་གི་ སློབ་དཔོན་ཚུ་ལུ་ སོ་ནམ་གྱི་ལཱ་འབད་ཐངས་དང་ སོ་ནམ་གོང་འཕེལ་གཏང་ཐངས་ རིག་རྩལ་ ལྕོགས་གྲུབ་ སློབ་སྦྱོང་ སློབ་སྟོན་ དེ་ལས་ གཞན་ཡང་འཆར་གཞིའི་ལས་སྣ་བཟོ་ཐངས་ཀྱི་སྐོར་ལས་ སློབ་སྟོན་འབད་དེ་ སློབ་གྲྭ་ཚུ་ནང་ བཏང་ཡོདཔ་ཨིན་པས།
སོ་ནམ་གྱི་ལཱ་འབད་ཐངས་རྐྱངམ་གཅིག་མིན་པར་ གཞན་སྒོ་ནོར་དང་ བྱ་གསོ་སྐྱོང་ དེ་ལས་ ཕགཔ་གསོ་སྐྱོང་ཚུ་འབད་དེ་ སློབ་གྲྭ་ནང་ ག་དེ་སྦེ་ཕན་ཐོགས་བྱུང་ཡོད་ག་ མ་དངུལ་གྱི་འོང་འབབ་ག་དེ་སྦེ་ བཟོ་ཡོདཔ་ཨིན་ནའི་སྐོར་ལས་ སློབ་གྲྭའི་དབུ་འཛིན་དང་ སློབ་དཔོན་ཚུ་གིས་ འགོ་འདྲེན་འཐབ་ཡོདཔ་མ་ཚད་ ལཱ་གི་གྲུབ་འབྲས་ཚུ་ ཞིབ་དཔྱད་མཐིལ་ཕྱིན་འབད་ནི་དེ་ རྫོང་ཁག་ཤེས་རིག་འགོ་དཔོན་གྱིས་སྦེ་ གྲུབ་འབྲས་སྙན་ཞུ་ཚུ་ ལྷན་ཁག་གི་འབྲེལ་ཡོད་འགོ་དཔོན་ཚུ་ལུ་ བཏང་དོ་ཡོདཔ་ཨིན་པས།
དུས་ཅི་གི་ལོ་ནང་ ཞིབ་འཚོལ་སྙན་ཞུ་དང་འཁྲིལ་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཚོགས་སྡེའི་ འགོ་དཔོན་ཚུ་གིས་ ཞིབ་དཔྱད་འབདཝ་ད་ བསམ་རྩེ་རྫོང་ཁག་ རྟེན་འབྲུ་འབྲིང་རིམ་སློབ་གྲྭ་གོང་མ་གིས་ སོ་ནམ་གྱི་ལཱ་ ལེགས་ཤོམ་འབད་ཡོདཔ་མ་ཚད་ སློབ་གྲྭ་ལུ་ ཕན་ཐོགས་དང་ མ་དངུལ་གྱི་འོང་འབབ་ཚུ་ཡང་ འབོར་ཆེ་ཏོག་ཏོ་སྦེ་བཟོ་ཡོདཔ་བཞིན་དུ་ སྒོ་ནོར་གསོ་སྐྱོང་ཚུ་ཡང་ ལེགས་ཤོམ་འབད་དེ་ སློབ་ཕྲུག་ཚུ་ལུ་ ཤེས་ཡོན་སྤྲོད་ཚུགས་ཡོདཔ་ལས་ དྲག་ཤོས་ཨང་དང་པ་ཐོན་ཡོད་པའི་ གཟེངས་རྟགས་དང་ དངུལ་རྐྱང་གི་གསོལ་རས་ཚུ་ བྱིན་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཐིམ་ཕུ་རྫོང་ཁག་ ཁ་ས་གྲབ་ཅུ་འབྲིང་རིམ་སློབ་གྲྭ་བར་མ་གིས་ དྲག་ཤོས་ཨང་༢ པ་དང་ ཨང་༣ པ་དེ་ དབང་འདུས་རྫོང་ཁག་ བ་འཇོ་འབྲིང་རིམ་སློབ་གྲྭ་གོང་མ་གིས་ ཐོན་ཡོདཔ་ལས་ དངུལ་རྐྱང་གི་གསོལ་རས་དང་ གཟེངས་རྟགས་ དེ་ལས་ ལག་ཁྱེར་ཚུ་ བྱིན་ཡོདཔ་ཨིན་པས།
སློབ་གྲྭའི་སོ་ནམ་ལས་རིམ་དེ་ སྤྱི་ལོ་༢༠༠༠ ལས་ར་ འགོ་བཙུགས་ཡོདཔ་ཨིན་རུང་ ད་རེས་ནངས་པ་བཟུམ་སྦེ་ ལྕོགས་གྲུབ་ རིག་རྩལ་ སློབ་སྦྱོང་ ཉམས་མྱོང་ དེ་ལས་ ཡོན་ཏན་འཐོབ་བཅུག་ནིའི་དོན་ལུ་ དམིགས་གཏད་བསྐྱེད་དེ་ དྲག་ཤོས་ཐོན་མི་ཚུ་ལུ་ གཞུང་གིས་ ངོས་ལེན་མ་མཛདཔ་ཨིན་པས།
སོ་ནམ་དང་ནགས་ཚལ་ལྷན་ཁག་གི་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཚོགས་སྡེ་གིས་ ལས་རིམ་གཞི་བཙུགས་འབདཝ་བཞིན་དུ་ ངོས་ལེན་དེ་ སྤྱི་ལོ་༢༠༠༧ ལུ་ འབད་ཡོདཔ་ད་ དྲག་ཤོས་ཨང་དང་པ་དེ་ ཀྲོང་གསར་རྫོང་ཁག་ སྟག་རྩེ་འབྲིང་རིམ་སློབ་གྲྭ་བར་མ་གིས་ ཐོན་ཡོདཔ་ལས་ གསོལ་རས་དང་ རྟགས་མ་ཚུ་ གནང་ནིའི་སྲོལ་ འགོ་བཙུགས་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༠ ལུ་ པདྨ་དགའ་ཚལ་རྫོང་ཁག་ ངང་ལམ་འབྲིང་རིམ་སློབ་གྲྭ་གོང་མ་གིས་ ཐོན་ཡོདཔ་ད་ ལས་རིམ་གྱི་ངོས་ལེན་དེ་ ལོ་བསྟར་བཞིན་དུ་ སྤྱི་ཟླ་༡༠ པའི་ཚེས་༡༦ འཛམ་གླིང་བཞེས་སྒོའི་ཉིནམ་བརྩི་སྲུང་ཞུཝ་དང་འབྲེལ་ ལག་ཁྱེར་དང་གསོལ་རས་ཚུ་ བྱིན་དོ་ཡོདཔ་ཨིན་པའི་གནས་ཚུལ།


བཀྲིས་ཕུན་ཚོགས།

No comments:

Post a Comment