གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཀྲོང་གསར་ནུབ་སྟོད་གཡུས་ཚན་ནང་ རིང་ཚད་ཕིཊ་༧༠ འབད་མི་ ཟམ་བཟོ་སྐྲུན་འགོ་བཙུགས་ནི།

༣༠/༡༠/༢༠༡༢    ༉ ཀྲོང་གསར་ ནུབ་ཕྱོགས་སྟོད་གཡུས་ཚན་༦ གི་མི་སེར་ཚུ་ ཡུན་རིང་བསྒུགས་སྡོད་པའི་ཤུལ་ལུ་ མང་སྡེ་ཆུའི་ཡན་ལག་ ཀ་བ་ཆུའི་ཟམ་བཟོ་སྐྲུན་གྱི་ལཱ་དེ་ བདུན་ཕྲག་འདི་ནང་ལས་ འགོ་བཙུགས་ནིའི་རེ་བ་ཡོདཔ་ཨིན་པས།
གནས་སྐབས་ཀྱི་དོན་ལུ་རྐྱབ་མི་རྐང་ཟམ།


དེ་ཡང་ ཟམ་གྱི་ཅ་ཆས་ཚུ་ གཙང་ཆུའི་མཐའ་མར་ལྷོད་དེ་ ཟླཝ་དག་པ་ཅིག་ལང་ཡོདཔ་ད་ ཟམ་བཟོ་སྐྲུན་འབད་ནི་དེ་ ཉིནམ་༤ དང་༥ གི་བར་ན་ འགོ་བཙུགས་ནི་ཨིན་པས།
ཧེ་སོ་ཐང་ཀའི་ བཟོ་སྐྲུན་གོང་འཕེལ་ལས་འཛིན་གྱི་ ཡོངས་ཁྱབ་འཛིན་སྐྱོང་པ་ ཚེ་དབང་རྒྱ་མཚོ་གིས་ སླབ་མིའི་ནང་ ཕིཊ་༧༠ འབད་མི་ ཟམ་གྱི་ལྕགས་བཙུགས་ནིའི་ལཱ་ཚུ་ ཁ་ཙ་ལས་ འགོ་བཙུགས་ཅི་ཟེར་ཨིན་པས།
སྤྱི་ཟླ་༦ པའི་ནང་ ཟམ་ཆུ་གིས་འཕྱགས་བདའ་བའི་ཤུལ་ལུ་ ཐང་ཉེ་དང་ སིམ་ཕུ་ ཀ་བ་ སྤང་ བེམ་སྦྱིས་གཡུས་ཚན་གྱི་མི་སེར་ཚུ་ ཁུར་ཆག་འབག་སྟེ་ དུས་ཡུན་ཆུ་ཚོད་ལེ་ཤ་གི་རིང་ རྐང་ཐང་སྦེ་ལམ་འགྱོ་དགོ་དོ་ཡོདཔ་ཨིན་རུང་ ཁོང་གིས་ འཕྲལ་མགྱོགས་ར་ སྣུམ་འཁོར་ནང་འགྱོ་ནིའི་ རེ་བ་བསྐྱེདཔ་ཨིན་པས།
གཡུས་ཚན་༦ གི་ མི་སེར་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གཙང་ཆུ་དེ་ལུ་ ཟམ་གཏན་ཏོག་ཏོ་ཅིག་མེདཔ་ལས་ སློབ་གྲྭའི་རྒྱགས་སྐལ་དང་ མཁོ་ཆས་ གཞི་རྟེན་སྨན་ཁང་དང་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཡིག་ཚང་གི་ མཁོ་ཆས་ཚུ་ཡང་ མི་གིས་འབག་སྟེ་ སྐྱེལ་དགོཔ་ལས་ སྤྱི་ལོ་༢༠༠༨ ལས་ འགོ་བཙུགས་ཏེ་ བསལ་ཡོད་པའི་ ཀ་ཀ་གླིང་ལས་ སིམ་ཕུ་ཚུན་ ཀི་ལོ་མི་ཊར་༡༥ སྦེ་མི་དང་ བེམ་སྦྱིས་ལུ་ ཀི་ལོ་མི་ཊར་༡༠ སྦེ་མི་ སོ་ནམ་ཞིང་ལམ་ཚུ་ཡང་ ཕན་ཐོགས་མེདཔ་ཅིག་ལུ་ གྱུར་ཡོདཔ་ཨིན་པས།
སི་ཕུ་ཚོགས་པ་ འཆི་མེད་འབྲུགཔ་གིས་སླབ་མིའི་ནང་ ཟླཝ་ཅིག་གི་ཧེ་མར་ མི་སེར་ཚུ་གིས་ ཟམ་གྱི་ཅ་ཆས་ཀྱི་ཆ་ཤས་ཚུ་ སྐྱེལ་འདྲེན་འབད་ནི་དང་ ཚལ་མ་བསལ་ནིའི་དོན་ལུ་ ལས་མི་ཐོན་ཏེ་ གྲོགས་རམ་འབད་ཡི་ཟེར་ཨིན་པས།
ཟམ་གྱི་ཅ་ཆས་ཚུ་ གཙང་ཆུའི་ཕར་ཁ་བཏོན་ནིའི་དོན་ལུ་ སོ་ནམ་ཞིང་མི་ ལེ་ཤ་ཅིག་ལུ་ དཀའ་ངལ་ཚུ་བྱུང་ཡོདཔ་ཨིན་རུང་ དེ་ཚུ་ རྩ་འགེངས་བཏོན་ཚར་བའི་ཤུལ་ལུ་ ད་ལྟོའི་བར་ན་ཡང་ ཟམ་མ་རྐྱབ་པའི་སྐོར་ལས་ མི་སེར་ཚུ་གིས་ དྲི་བཀོད་འབདཝ་མས་ཟེར་ ཁོ་གིས་བཤདཔ་ཨིན་པས།
གཡུས་ཁའི་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གཙང་ཆུ་གུ་ལས་ ཟམ་མེད་མི་ལུ་བརྟེན་ བཟོ་སྐྲུན་གྱི་ལཱ་ གཞན་མི་འབད་ནི་ཡོད་མི་ཚུ་ལུ་ཡང་ གནོད་པ་བྱུང་ཡི་ཟེར་སླབ་ཨིན་པས།
བེམ་སྦྱིས་ལས་ གཡུས་མི་ཅིག་གིས་སླབ་མིའི་ནང་ གནས་སྐབས་ཀྱི་ཟམ་ཅིག་ཡོད་མི་དེ་ གཙང་ཆུ་བྲེས་མི་གིས་འཕྱགས་བདའ་ཞིནམ་ལས་ རྒེད་འོག་ཡིག་ཚང་གསརཔ་རྐྱབ་ནི་དང་ སློབ་གྲྭ་ཉམས་བཅོས་འབད་ནིའི་ལཱ་ཚུ་ལུ་ཡང་ ཐོ་ཕོག་ཅི་ཟེར་ཨིན་པས།
གལ་སྲིད་ས་གནས་དེ་ཁར་ ཟམ་གཏན་ཏོག་ཏོ་དང་ སྒྲིང་སྒྲིང་ཅིག་ཡོདཔ་འདྲཝ་ཅིག་འབད་བ་ཅིན་ དེ་བཟུམ་གྱི་དཀའ་ངལ་མི་ཐོནམ་འོང་ཟེར་ རྣམ་རྒྱལ་གྱིས་སླབ་ཨིན་པས།
གཡུས་མི་ཚུ་གིས་ སིམ་ཕུ་གཡུས་ཚན་གྱི་ ཉེ་འདབས་ལུ་ཡོད་པའི་ གཙང་ཆུའི་ཟམ་རྐྱབ་ནི་གི་ལཱ་འབད་ནི་གི་དོན་ལུ་ཡང་ ཀ་བ་ཆུ་ལུ་ཟམ་མེད་མི་ལུ་བརྟེན་ ཐོགས་ལུས་སོ་ཡི་ཟེར་ སླབ་ཨིན་པས།
སྣུམ་འཁོར་ལེ་ཤ་ཅིག་ ལམ་མ་ཐར་བ་ གཙང་ཆུའི་ཕར་ཁ་ དེ་སྦེ་ར་ལུསཔ་ད་ གཙང་ཆུ་བརྒལ་ཏེ་འགྱོ་དགོ་མི་ཚུ་གིས་ གནས་སྐབས་ཀྱི་ཟམ་རྐྱབ་ཏེ་ བརྒལ་དགོཔ་བྱུངམ་མས་ཟེར་ཨིན་པས།
ས་གནས་ནང་སྡོད་མི་ཚུ་གིས་འབད་བ་ཅིན་ ཁོང་གཡུས་མི་ཚུ་ སོ་ནམ་ཞིང་ལཱ་འབད་སྡོད་པའི་བར་ན་ར་ གཡུས་སྒོའི་ནང་ གཞུང་ལས་ཚུར་མགྱོནམ་འོང་བའི་སྐབས་སུ་ རང་གི་ལཱ་ཡང་བཤོལ་བཞག་སྟེ་ གནས་སྐབས་ཀྱི་ ཟམ་རྐྱབ་པར་འགྱོ་དགོ་པས་ཟེར་ ཨིནམ་ད་ ཁོང་གི་གཡུས་མི་ཚུ་གིས་ ད་ཚུན་གྱི་ནང་འཁོད་ལུ་ གཙང་ཆུའི་གུ་ལས་ཕར་ གནས་སྐབས་ཀྱི་ཟམ་༥ དེ་ཅིག་རྐྱབ་ཅི་ཟེར་ ཨིན་པས།
བེམ་སྦྱིས་ལས་ ཚོང་དཔོན་རྣམ་རྒྱལ་དོན་གྲུབ་ཀྱིས་ སླབ་མིའི་ནང་ ཁོ་གིས་ གཡུས་སྒོའི་ནང་ ཚོང་འབྲེལ་འཐབ་ནིའི་དོན་ལུ་ ཚོང་ཆས་ཚུ་འབག་འོངམ་ད་ ལས་མི་འཚོལ་ཏེ་ གནས་སྐབས་ཀྱི་ ཟམ་རྐྱབ་དགོཔ་ ཐོནམ་མས་ཟེར་ཨིན་པས།
ཟམ་རྐྱབ་པ་གིས་མ་ཚད་ ཚོང་ཆས་ཚུ་འབག་སྟེ་ ཆུའི་ཕར་ཁ་བཏོན་ནིའི་དོན་ལུ་ ལས་མི་ཚུ་ལུ་ གླ་ཆ་སྤྲོད་དགོཔ་ལས་ ཟད་འགྲོ་ཐེབས་གནསཔ་མས་ཟེར་ ཁོ་གིས་སླབ་ཨིན་པས།
རྫོང་ཁག་བཟོ་རིག་ལས་ཚན་ལས་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ཟམ་དེ་ སྤྱི་ལོ་༢༠༡༡ ནང་ མ་དངུལ་མེད་མི་ལུ་བརྟེན་ རྐྱབ་མ་ཚུགས༌པའི༌ཁར༌ འཆར་དངུལ་ཐོབ་པའི་སྐབས་ལུ་འདིནི་ བཟོ་སྐྲུན་གོང་འཕེལ་ལས་འཛིན་ལུ་ ལཱ་འབད་དགོཔ་ལེ་ཤ་ཐོན་ཡོདཔ་ལས་ བདེ་ཐབས་བྱུང་མ་ཚུགས་ཟེར་ཨིན་པས།
རྒེད་འོག་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཟམ་རྐྱབ་ནིའི་དོན་ལུ་ བཟོ་སྐྲུན་གོང་འཕེལ་ལས་འཛིན་ལུ་ དངུལ་ཀྲམ་༡༠༠,༠༠༠ བགོ་བཀྲམ་འབད་ཡི་ཟེར་ ཨིན་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment