གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རི་དྭགས་སྲུང་སྐྱོབ་འབད་ནི་ལུ་ བརྩོན་ཤུགས།

༢༠/༡༠/༡༢། ༉ རི་དྭགས་སྲུང་སྐྱོབས་སྡེ་ཚན་གྱི་ ལོ་བསྟར་བཞིན་དུ་ཐོ་བཀོད་འབད་མི་ གནས་སྡུད་དང་འཁྲིལཝ་ད་ འབྲུག་གིས་ རི་དྭགས་ཉེན་སྲུང་གི་དོན་ལུ་ སོ་ནམ་ཞིང་པ་ཚུ་གི་ སྒོ་ནོར་སེམས་ཅན་ཚུ་ལུ་ གནོདཔ་བཀལ་མི་གིས་མ་ཚད་ དེ་དང་འབྲེལ་བའི་ རྒུད་འཐུས་མ་དངུལ་སྤྲོད་དགོ་པའི་ དོ་འགྲན་ཅན་གྱི་གནས་སྟངས་ཡང་ སྦོམ་སྦེ་ར་ བྱུང་དོ་ཡོད་པའི་ གསལ་སྟོན་འབདཝ་ཨིན་པས།
དེ་ཡང་ ག་ཅི་སྦེ་ཟེར་བ་ཅིན་ གྲོང་གསེབ་གཡུས་སྒོ་ཚུ་ནང་ གཅན་གཟན་སྟག་དང་ གངས་གཟིག་ དེ་ལས་ དོམ་དང་ གཟིག་ཚུ་གིས་ སྤྱི་ལོ་༢༠༠༢ ལས་ དུས་ཅི་ཚུན་ལུ་ སྒོ་ནོར་སེམས་ཅན་ཡོངས་བསྡོམས་༢༡༥༨ བསད་ཡོད་མི་ཚུ་ རི་དྭགས་སྲུང་སྐྱོབ་སྡེ་ཚན་གྱིས་ རྒུད་འཐུས་དངུལ་ཀྲམ་ས་ཡ་༨.༤ ལྷགཔ་ཅིག་ སྤྲོད་དགོ་པའི་ གནད་ཐོན་ཡོད་པའི་ གསལ་སྟོན་འབདཝ་ཨིན་པས།


གངས་གཟིག་གིས་ སྤྱི་ལོ་༢༠༠༤ ལས་༢༠༠༦ ཚུན་ལུ་ སྒོ་ནོར་༤༡ དང་ སྤྱི་ལོ་༢༠༡༡ ལས་ དུས་ཅི་ཚུན་ལུ་ སྒོ་ནོར་ཡོངས་བསྡོམས་༥༣ དེ་ཅིག་ བསད་ཡོད་མི་ཚུ་ལུ་ རྒུད་འཐུས་དངུལ་ཀྲམ་༥,༥༤,༠༠༠ དེ་ཅིག་ སྤྲོད་དགོཔ་ཐོན་ཡོད་མི་ལས་ དངུལ་ཀྲམ་༣,༣༤,༠༠༠ སྤྲོད་པའི་ལྷག་ལུས་ དངུལ་ཀྲམ་༢,༢༠,༠༠༠ ད་རུང་ སྤྲོད་མ་ཚུགས་པར་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ གཅན་གཟན་སྟག་གིས་ སྤྱི་ལོ་༢༠༠༣ ལས་༢༠༡༢ ཚུན་ལུ་ སྒོ་ནོར་ཡོངས་བསྡོམས་༧༡༥ བསད་མི་ལུ་ རྒུད་འཐུས་དངུལ་ཀྲམ་ས་ཡ་༢.༩༩ ལྷགཔ་ཅིག་ སྤྲོད་དགོ་མི་ལས་ དངུལ་ཀྲམ་ས་ཡ་༢.༨ དེཅིག་ སྤྲོད་ཚར་བའི་ལྷག་ལུས་ དངུལ་ཀྲམ་༡,༩༡,༧༥༠ དེ་ཅིག་ཡོད་ཟེར་ཨིན་པས།
སྒོ་ནོར་ལུ་གནོདཔ་བཀལ་མི་ གཅན་གཟན་ཅིག་ཨིན་མི་ གཟིག་གིས་ སྤྱི་ལོ་༢༠༠༢ ལས་ད་ཚུན་གྱི་རིང་ སྒོ་ནོར་ཡོངས་བསྡོམས་༡༢༥༣ བསད་ཡོད་མི་ལུ་ རྒུད་འཐུས་དངུལ་ཀྲམ་ས་ཡ་༤.༢ ལྷགཔ་ཅིག་ སྤྲོད་དགོཔ་ད་ དངུལ་ཀྲམ་ས་ཡ་༣.༥ རྒུད་འཐུས་སྤྲོད་ཚར་བའི་ལྷག་ལུས་ དངུལ་ཀྲམ་༧,༦༤,༥༠༠ དེ་ཅིག་ ཡོདཔ་ཨིན་པས།
དོམ་གྱིས་ཡང་ སྤྱི་ལོ་༢༠༠༣ ལས་ད་ཚུན་ སྒོ་ནོར་༡༧༡ བསད་ཡོད་མི་ཚུ་ལུ་ རྒུད་འཐུས་སྤྲོད་དགོཔ་ཚུ་ག་ར་སྤྲོད་ཚར་ཡོདཔ་ད་ རྒུད་འཐུས་ཡོངས་བསྡོམས་ དངུལ་ཀྲམ་༦,༢༤,༡༠༠ སྤྲོད་དགོཔ་ཐོན་ཡོདཔ་ཨིན་པས།
རི་དྭགས་སྲུང་སྐྱོབ་སྡེ་ཚན་གྱིས་འབད་བ་ཅིན་ རྒུད་འཐུས་མེན་པར་ སེམས་གསོ་བཟུམ་ཅིག་ཨིན་ཟེར་ཨིནམ་ད་ དེ་ཡང་ རྒུད་འཐུས་སྤྲོད་དགོ་པ་ཅིན་ སྒོ་ནོར་གྱི་ རིན་གོང་དང་ཆ་མཚུངས་ཀྱི་ རྒུད་འཐུས་མ་དངུལ་སྤྲོད་དགོཔ་ཨིན་རུང་ དེ་བཟུམ་སྤྲོད་ནི་གི་མ་དངུལ་ ལངམ་མེད་པ་ལུ་བརྟེན་ ཨིན་ཟེར་བཤད་ཅི།
སྡེ་ཚན་དེ་གིས་ མི་དང་ རི་དྭགས་ཀྱི་བྲེལ་ཟིང་གི་དཀའ་ངལ་སེལ་ཐབས་ལུ་ ཕྱིའི་གྲོགས་རམ་དང་ ནང་འཁོད་ལས་ མ་དངུལ་ཞལ་འདེབས་ཚུ་ལེན་ཐོག་ལས་ སྤྲོད་ཐབས་འབད་དོ་ཡོདཔ་ད་ ད་ཚུན་ སྒོ་ནོར་ཚུ་གི་སྤུས་ཚད་དང་ ཆེ་ཆུང་དང་བསྟུན་ རྒུད་འཐུས་སེམས་གསོ་ཉུང་ཤོས་ར་ ལུག་རེ་ལུ་ དངུལ་ཀྲམ་༧༠༠ རེ་དང་ མཐོ་ཤོས་ ཨོམ་བཞོ་མི་ བ་ ལེགས་ཤོམ་ཚུ་ལུ་ དངུལ་ཀྲམ་༡༠,༠༠༠ དེ་རེ་ སྤྲོད་ཡོདཔ་ཨིན་པས།
གཅག་གཟན་སྟག་གིས་ སྤྱི་ལོ་༢༠༠༢ ལུ་ སྒོ་ནོར་བསད་པའི་ཐོ་བཀོད་མེདཔ་ཨིན་རུང་ སྤྱི་ལོ་༢༠༠༣ ལས་འགོ་བཙུགས་ དུས་ཅི་ཚུན་ སྒོ་ནོར་ཡོངས་བསྡོམས་༧༡༥ བསད་པའི་ ཐོ་བཀོད་འབད་ཡོདཔ་ད་ གངས་གཟིག་གིས་ འབད་བ་ཅིན་ སྤྱི་ལོ་༢༠༠༤ དང་༢༠༠༥ དེ་ལས་༢༠༠༦ དེ་བཟུམ་སྦེ་ ན་ཧིང་དང་ དུས་ཅི་གི་ལོ་རྩིས་ཏེ་ ལོ་༥ ནང་ སྒོ་ནོར་བསྡོམས་ཀྱིས་༩༤ བསད་ཡོདཔ་ཨིན་པས།
དོམ་གྱིས་འབད་བ་ཅིན་ སྤྱི་ལོ་༢༠༠༢ དང་༢༠༠༨, ༢༠༠༩ དེ་ལས་ དུས་ཅི་གི་ལོ་ནང་ སྒོ་ནོར་བསད་ཡོད་པའི་ ཐོ་བཀོད་སྙན་ཞུ་ཚུ་མེདཔ་ཨིན་རུང་ གཞན་ལོ་ངོ་༧ གྱི་ནང་འཁོད་ལུ་ སྒོ་ནོར་༡༧༡ བསད་ཡོདཔ་ཨིན་པས།
གཟིག་གིས་ སྤྱི་ལོ་༢༠༠༧ དང་༢༠༠༨ ལུ་ སྒོ་ནོར་བསད་ཡོད་པའི་ཐོ་བཀོད་མེད་རུང་ སྤྱི་ལོ་༢༠༠༢ ལས་ ད་ཚུན་གྱི་རིང་ལུ་ སྒོ་ནོར་ཡོངས་བསྡོམས་༡༢༥༣ བསད་ཡོད་མི་དེ་ གཅན་གཟན་ཚུ་གི་གྲས་ལས་ སྒོ་ནོར་བསད་མིའི་སྙན་ཞུ་ ཐོ་ཤོས་ཨིན་པའི་ཁར་ རྒུད་འཐུས་ཡང་ མཐོ་ཤོས་ར་ གཟིག་གིས་བསད་མི་ སྒོ་ནོར་ཚུ་གི་དོན་ལུ་ མ་དངུལ་ས་ཡ་༤ ལྷགཔ་ཅི་སྤྲོད་དགོཔ་ཐོན་མི་ཚུ་ཨིན་པས།

དེ་འབད་ནི་དེ་གིས་ འབྲུག་གིས་ རི་དྭགས་གཅན་གཟན་ཉམས་སྲུང་གི་དོན་ལུ་ མི་སེར་གྱི་ སྐྱིད་སྡུག་དང་ དཔལ་འབྱོར་གྱི་མ་དངུལ་༢ ཆ་རའི་སྒོ་ལས་ དོ་འགྲན་ཅན་གྱི་དཀའ་ངལ་ཚུ་ དང་ལེན་ཐོག་ བརྩོན་ཤུགས་བསྐྱེད་དོ་ཡོད་པའི་ གསལ་སྟོན་འབདཝ་ཨིན་པའི་གནས་ཚུལ།

 


བསམ་གཏན་ཡེ་ཤེས།

No comments:

Post a Comment