གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བྷུ་ཊཱན་ཀུན་མཉམ་པར་ཊི་གིས་ འགོ་དང་པ་འདེམས་ངོ་༣ ངོ་སྤྲོ་འབད་ཡོདཔ།

༡༨/༡༠/༢༠༡༢   ༉ ཁ་ཙ་ བྷུ་ཊཱན་ཀུན་མཉམ་པར་ཊི་གིས་ བརྡ་བརྒྱུདཔ་ཚུ་ལུ་ དམག་སྡེ་འགོ་དཔོན་བགྲེསཔ་༡ དང་ ཚོང་དཔོན་ཅིག་ དེ་ལས་ ཞི་གཡོགཔ་ལས་དགོངས་ཞུ་འབད་མི་ ཚོགས་པའི་འོས་འབབ་ཅན་གྱི་འདེམས་ངོ་༣ ངོ་སྤྲོད་འབད་ཡི།
བྷུ་ཊཱན་ཀུན་མཉམ་པར་ཊི་གི་ འདེམས་ངོ་ཚུ།


དེ་ཚུ་གི་གྲས་ཁར་ཚོགས་པའི་འོས་འབབ་ཅན་གྱི་འདེམས་ངོ་ ཨམ་སྲུ་ཅིག་ཨིན་མི་ ཐིམ་ཕུ་སྟོད་ཀྱི་འདེམས་ངོ་སྦེ་ འཐོན་ནི་ཨིན་མི་ ཨམ་ཚེ་དབང་བཀྲིས་དེ་ སྤྱི་ཟླ་༩ པའི་ཚེས་༡༠ ལུ་ ཞི་གཡོག་ནང་ལས་དགོངས་ཞུ་འབད་ནི་གི་ ཞུ་ཡིག་བཙུགས་ཏེ་ སྤྱི་ཟླ་༡༠ པའི་ཚེས་༡༠ ལུ་ ཞི་གཡོག་ནང་ལས་ དགོངས་ཞུས་བཏང་ཡོདཔ་ཨིན་པས།
སྲིད་ཚོགས་དེ་གི་ འདེམས་ངོ་ཞི་གཡོག་ནང་ཡོདཔ་སྦེ་ སླབ་མི་ཚུ་གི་གྲས་ལས་ དགོངས་ཞུ་འབད་དེ་ མི་མང་གི་གདོང་ཁར་ ངོ་སྤྲོད་འབད་མི་ འགོ་དང་པ་ མོ་ཨིན་པའི་ཁར་ སང་ཕོད་ཀྱི་ སྤྱིར་བཏང་ བཙག་འཐུའི་ནང་ འབྲེལ་གཏོགས་ཀྱི་དོན་ལུ་ དུས་ཅི་ཞི་གཡོག་ལས་དགོངས་ཞུས་འབད་མི་ཡང་ འགོ་དང་པ་ མོ་འོང་ནི་ཨིན་པས།
མོ་གིས་ ཞི་གཡོག་ནང་ལོ་ངོ་༢༣ གྱི་རིང་ཕྱག་ཞུ་བའི་ཤུལ་ལུ་ ལཱ་གཡོག་ནང་ལས་དགོངས་ཞུས་འབད་བའི་སྐབས་ དངུལ་རྩིས་ལྷན་ཁག་འོག་གི་ ལྟེ་བའི་མཉམ་འབྲེལ་སྡེ་ཕྲན་དང་ ནང་འཁོད་རྩིས་ཞིབ་སྡེ་ཕྲན་གྱི་ གཙོ་འཛིན་གྱི་གོ་གནས་ཁར་ ཕྱག་ཞུ་ཡོདཔ་ཨིན་པས།
མོ་གིས་ ཞི་གཡོག་ནང་འགོ་ཐོག་ འོང་འབབ་དང་ ཅ་དམ་ལས་ཁུངས་ནང་ལས་ འགོ་བཙུགས་ཏེ་ དགེ་ལེགས་ཕུག་གི་ ལུང་ཕྱོགས་ཡིག་ཚང་གི་མདོ་ཆེན་སྦེ་ འགན་ཁུར་འབག་ཡོདཔ་མ་ཚད་ སྤྱི་ལོ་༡༩༩༩ འི་ལོ་ལུ་ སྤ་རོ་གནམ་ཐང ཅ་དམ་སྡེ་ཚན་གྱི་གཙོ་འཛིན་སྦེ་ཡང་ ཕྱག་ཞུ་ཡི་ཟེར་ཨིན་པས།
དེ་ལས་ རྒྱལ་སྤྱི་གནས་ཚད་ནང་ སྤྱི་ལོ་༢༠༡༠ ཟླཝ་༦ པ་ལས་འགོ་བཙུགས་ ལོ་༡ དེ་ཅིག་ ཨེ་མི་རི་ཀ་ལུ་ རྒྱལ་སྤྱི་དངུལ་འབྲེལ་ལས་འཛིན་གྱི་ འཛམ་གླིང་དངུལ་ཁང་སྡེ་ཚན་དང་གཅིག་ཁར་ ལཱ་འབད་བའི་ཁར་ དེ་གི་ཤུལ་ལས་ བང་ལ་དེཤ་གི་ ཡིག་ཚང་ནང་ཡང་ ལཱ་འབད་ཡོདཔ་ཨིན་པས།
ལོ་༢ ཀྱི་རིང་ འཛམ་གླིང་དངུལ་ཁང་ནང་ ལཱ་འབད་ཞིནམ་ལས་ ད་རུང་ འཕྲོ་མཐུད་ཕྱག་ཞུ་ནིའི་གོ་སྐབས་ཡོད་རུང་ ལོག་རྒྱལ་ཁབ་ནང་འོང་ཞིནམ་ལས་ དངུལ་རྩིས་ལྷན་ཁག་གི་ ནང་འཁོད་རྩིས་ཞིབ་སྡེ་ཕྲན་འགོ་ཁྲིད་ཐོག་ ལོ་༡ དེ་ཅིག་ ཕྱག་ཞུ་བའི་ཤུལ་ལུ་ ད་རེས་དམངས་གཙོའི་རིང་ལུགས་ཀྱི་ སྲིད་ཚོགས་ནང་འབྲེལ་གཏོགས་ཀྱི་དོན་ལུ་ ལཱ་གཡོག་ནང་ལས་ དགོངས་ཞུས་འབད་ཡོདཔ་ཨིན་པས།
མོ་གིས་ སླབ་མིའི་ནང་ མ་གཞི་ ཞི་གཡོག་ནང་ཕྱག་ཞུ་དགོཔ་ཨིན་རུང་ ཞི་གཡོག་ལས་དགོངས་ཞུས་འབདཝ་ད་ དེ་ཁར་ ས་སྟོང་བསུབས་མི་ ལྕོགས་གྲུབ་ཅན་ཚུ་འཐོན་ནི་ཨིན་རུང་ སྲིད་ཚོགས་ནང་ དོ་འགྲན་འབད་མི་འོས་འབབ་ཅན་གྱི་ མི་ངོ་ཐོབ་ནི་དེ་ གནས་སྐབས་ཅིག་ འབྲུག་གི་དམངས་གཙོའི་རིང་ལུགས་གསརཔ་འབད་ནི་དེ་གིས་ ལཱ་ཁག་འདུག་ཟེར་ཨིན་པས།
སྲིད་ཚོགས་སོ་སོ་ལེ་ཤ་ཐོན་མི་དེ་ གཙོ་བོ་ར་ མི་རིགས་ཚུ་གི་མནོ་ཐངས་ཀྱི་ ལྟ་བ་དང་ སྲིད་བྱུས་ཚུ་ གཅིག་མཚུངས་མེད་པར་ མ་འདྲཝ་ཡོད་མི་ལུ་བརྟེན་ ཐོན་དོ་ཡོདཔ་ལས་ མོ་གིས་ཡང་ མོ་རའི་ལྟ་བ་དང་མཐུན་པའི་ སྡེ་ཚན་ཅིག་ གདམ་ཁ་རྐྱབ་པའི་སྐབས་ བྷུ་ཏཱན་ཀུན་མཉམ་པར་ཊི་གི་ ལྟ་བ་དང་ སྲིད་བྱུས་ཚུ་ ཡིད་ཆེས་ཏོག་ཏོ་ཡོད་པའི་མངོན་གསལ་བྱུང་ཞིནམ་ལས་ སྲིད་ཚོགས་དེ་ལུ་ ངོས་ལེན་འབད་དེ་ བཅའ་མར་གཏོགས་ནི་སྦེ་ དགོངས་ཞུ་འབད་ཡི་ཟེར་བཤད་ཅི།
དེ་ལས་ དར་དཀར་ནང་རྫོང་ཁག་གི་ བརྩེ་བཟང་དང་ འབྲུག་རྗེས་སྒང་གི་འདེམས་ཁོངས་ལས་ སྲིད་ཚོགས་དེ་གི་འདེམས་ངོ་དེ་ དམག་སྡེའི་ནང་ ལོ་ངོ་༢༧ དེ་ཅིག་ཕྱག་ཞུ་མི་ ལིང་དཔོན་བགྲེསཔ་ ཀ་མཱལ་ཆེ་ཏི་རི་ཨིན་པས།
ཁོ་གིས་ ན་ཧིང་ དམག་སྡེའི་ནང་ལས་ དགོངས་ཞུས་འབད་ཞིནམ་ལས་ ཁོ་རའི་གཡུས་ཁར་ སྡོད་ནི་གི་བློ་འདོད་ཐོག་ གཡུས་ཁ་ལྷོད་པའི་ཤུལ་ལུ་ སྲིད་ཚོགས་གཞི་བཙུགས་ཀྱི་ ལཱ་ཚུ་འགོ་བཙུགས་པའི་སྐབས་ སྲིད་ཚོགས་གཞི་བཙུགས་ནང་ འབྲེལ་གཏོགས་འབད་མི་ཚུ་གིས་ ཁོང་གི་ཚོགས་པ་ནང་ འཐུས་མི་སྦེ་ གྲོགས་རམ་འབད་དགོཔ་སྦེ་སླབ་མི་ ཐོན་ཡི་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ འབྲུག་མི་སེར་ཚོགས་པ་དང་ འབྲུག་སྤྱིར་དབང་ཚོགས་པ་ཚུ་གིས་ཡང་ གྲོས་བསྟུན་འབད་མི་ཐོན་ཡོད་རུང་ ཤུལ་ལས་ བྷུ་ཏཱན་ཀུན་མཉམ་པར་ཊི་གི་ ལྟ་བ་དང་ སྲིད་བྱུས་ དེ་ལས་ ཚོགས་པའི་གཞི་རྩ་ཚུ་ལུ་ ཡིད་ཆེས་དང་ ངལ་རངས་བསྐྱེད་དེ་ ཚོགས་པ་དེ་ནང་ འབྲེལ་གཏོགས་འབད་ནི་གི་ གྲོས་ཐག་བཅད་ཅི་ཟེར་ཨིན་པས།
ཆུ་ཁ་སྐྱབས་ཆ་དང་ བོང་མགོ་འདེམས་ཁོངས་ཀྱི་དོན་ལུ་ ཚོགས་པའི་འདེམས་ངོ་དེ་ སྲིད་ཀྱི་རིང་ལུགས་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་ཏེ་ ཁོ་རའི་སྒེར་གྱི་ཚོང་ལས་སྡེ་ཚན་གཞི་བཙུགས་ཐོག་ ཚོང་ལས་འཐབ་སྟེ་ སྡོད་མི་ འཕྲིན་ལས་རྡོ་རྗེ་ཨིནམ་ད་ ཁོ་གིས་འབད་རུང་ གཙོ་བོ་ར་ ཚོགས་པ་དེ་གི་གཞི་རྩ་ལུ་ ཡིད་ཆེས་ཀྱི་ཐོག་ལས་ འབྲེལ་གཏོགས་འབད་འབདཝ་ཨིན་ཟེར་ཨིན་པས།
སྲིད་ཚོགས་དེ་གིས་ ཚོགས་པའི་ མགྲིན་ཚབ་བསོད་ནམས་སྟོབས་རྒྱས་ཁོ་ར་གིས་ དབང་འདུས་ཀྱི་འདེམས་ཁོང་ཅིག་ནང་ལས་འདེམས་ངོ་སྦེ་འཐོན་ནི་མས།
ཟླཝ་འདི་གི་མཇུག་དང་ ཡང་ཅིན་ སྤྱི་ཟླ་༡༡ པའི་སྔ་ཆ་ལུ་ བཙག་འཐུ་ལྷན་ཚོགས་དང་གཅིག་ཁར་ ཐོ་བཀོད་འབད་ནི་གི་འཆར་གཞི་ཡོདཔ་ཨིན་པས།

བསམ་གཏན་ཡེ་ཤེས།

No comments:

Post a Comment