གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དགེ་ལེགས་ཕུག་དེ་ ཞི་གཡོག་ལས་དགོངས་ཞུ་འབད་མི་ཚུ་གི་ སྡོད་གནས་ཅིག་ལུ་གྱུར་ཡོདཔ།

༣༡/༡༠/༢༠༡༢   ༉ དགེ་ལེགས་ཕུག་ཁྲོམ་གྱི་ས་ཁོངས་དེ་ དགོངས་ཞུས་འབད་མི་ ཞི་གཡོགཔ་ཚུ་གིས་ ལཱ་གཡོག་ནང་ལས་ དགོངས་ཞུས་འབད་བའི་ཤུལ་ལུ་ སྐྱིད་ཉམས་སྐྱོང་སའི་ ས་ཁོངས་ཅིག་ལུ་གྱུར་ཡོད་མི་དེ་ཡང་ ས་གནས་དེ་ ལོ་ན་རྒས་ཤོསམ་ཚུ་ལུ་ ཚ་དྲོད་དང་ལྡན་པའི་ཁར་ སྒོ་ཡངས་དྲག་སྦེ་ ཡོད་ནི་དེ་གིས་ཨིན་པས།
ཐར་པ་ལ།

དབང་འདུས།

སྐྱེས་ལོ་༧༣ ལང་མི་ རྫོང་བདག་བགྲེསཔ་ དབང་འདུས་དེ་ ཞི་གཡོག་གི་ལོ་གྲངས་ཚང་སྟེ་ དགོངས་ཞུས་འབད་སྡོད་མི་ཚུ་གི་གྲས་ལས་ཅིག་ཨིནམ་ད་ ཁོ་གིས་ སླབ་མིའི་ནང་ ཁོ་ར་སྐྱེས་ས་ངོ་མ་ བཀྲ་ཤིས་སྒང་ རོང་ཐུང་ལས་ཨིན་རུང་ དགེ་ལེགས་ཕུག་གི་ས་གནས་གདམ་ཁ་རྐྱབ་མི་དེ་ ཁོ་བཟུམ་མའི་ ལོ་ན་རྒས་ཤོས་ཚུ་གི་དོན་ལུ་ ས་གནས་དེ་ གཟུགས་ཁམས་ལུ་ ལེགས་ཤོམ་ཡོད་ནི་དེ་གིས་ ཨིན་ཟེར་ཨིན་པས།
ཁོ་གི་ཨ་པ་དེ་ དར་དཀར་ནང་རྫོང་དཔོན་དང་པ་ ཁྱུང་ཁ་རིག་འཛིན་རྡོ་རྗེ་ཨིནམ་ད་ ཁོ་གིས་ སྤྱི་ལོ་༡༩༨༦ ལུ་ མཇུག་ར་ དགེ་ལེགས་ཕུག་རྫོང་བདག་སྦེ་ ལོ་༥ ཕྱག་ཞུ་བའི་ཤུལ་ལུ་ བསྡོམས་ཀྱིས་ ལོ་ངོ་༣༥ ཞི་གཡོག་ནང་ ཕྱག་ཞུ་ཞིནམ་ལས་ དགེ་ལེགས་ཕུག་གི་ཁྲོམ་ཁར་ ས་གནས་ཀྱི་ མི་ཅིག་ལས་ ས་ཆ་ཨེ་ཀར་༢ དེ་ཅིག་ ཉོ་སྒྲུབ་འབད་ཞིནམ་ལས་ གཞིས་ཆགས་ཏེ་སྡོད་ཅི་ཟེར་ཨིན་པས།
རྫོང་བདག་བགྲེསཔ་གིས་ སླབ་མིའི་ནང་ དགེ་ལེགས་ཕུག་ལུ་ ས་ཉོ་མི་འགོ་དང་པ་ ཁོ་ཨིནམ་འོང་ཟེར་ཨིནམ་ད་ ཁོ་གི་ཤུལ་ལས་ མི་ལེ་ཤ་ཅིག་གིས་ ས་ཉོ་སྟེ་གཞིས་བཅའ་ཡི་ཟེར་ཨིན་པས།
ཁོ་ལུ་ ཨ་ལུ་༢ ཡོདཔ་ད་ ཨ་ལུ་ཚུ་ ད་ལྟོ་ཞི་གཡོག་ནང་ཡོདཔ་བཞིན་དུ་ ཁྱིམ་ནང་ ཁོ་དང་ཁོ་རའི་ གནས་ཚང་ སྐྱེས་ལོ་༥༦ ལང་མི་ བཟའ་ཚང་གཉིས་སྡོད་དོ་ཡོདཔ་ད་ ཁོ་གིས་ དྲོ་པ་ཕྱི་རུ་ ཁ་ཐུན་དགེ་འབྱོར་དང་ ཕྱི་ཁ་ལས་ཕར་ཚུར་ རྐང་སྟོང་སྦེ་ ལམ་རེ་འགྱོ་སྡོད་པའི་ཁར་ ཉིན་མ་ ཁོ་རའི་སྣུམ་འཁོར་བཅོ་ཁང་རེ་ ལྟ་རྟོག་འབད་དེ་སྡོད་དོ་ཡོདཔ་ལས་ རྒྱལ་ས་ལྟེ་བ་ལས་ལྷག་སྟེ་ དགེ་ལེགས་ཕུག་གི་ས་གནས་ནང་ སྡོད་ནི་ལུ་ དགའ་བས་ཟེར་ཨིན་པས།
དེ་བཟུམ་སྦེ་ ཁྲོམ་ཁར་ ས་ཉོ་གཞིས་ཆགས་སྡོད་མི་ཅིག་ སྐྱེས་ལོ་༧༤ ལང་མི་ རྫོང་ཁ་སློབ་དཔོན་བགྲེསཔ་ ཐར་པ་ལ་དེ་ཨིནམ་ད་ ཁོ་གི་སྐྱེས་གཡུས་ངོ་མ་ གཞལམ་སྒང་ ཏ་ལི་ལས་ཨིན་རུང་ ཁོ་གིས་ གནམ་ལོ་༡༩༩༧ ལུ་ མཇུག་ར་ དགེ་ལེགས་ཕུག་སློབ་གྲྭ་ཆུང་བའི་ནང་ སློབ་དཔོན་གོངམ་སྦེ་ ཕྱག་ཞུ་བའི་ཤུལ་ལུ་ དགོངསམ་ཞུས་ཏེ་ ས་ཆུང་ཀུ་ཅིག་ཉོ་ཞིནམ་ལས་ ས་གནས་ཁར་ གཞིས་བཅགས་ཏེ་སྡོད་ཅི་ཟེར་ཨིན་པས།
ཁོ་གིས་ དྲོ་པ་ཨ་རྟག་ར་ ཁོ་རའི་སྡོད་ས་ལས་ དུས་ཡུན་སྐར་མ་དག་པ་ཅིག་ ལམ་འགྲུལ་འབད་དེ་ ཁྲོམ་གྱི་སྦོ་ལོགས་ཁར་ཡོད་པའི་ སངས་རྒྱས་ཀྱི་སྐུ་འདྲ་ཅིག་ཡོད་ས་ཚུན་ རྐང་སྟོང་སྦེ་སོང་ཞིནམ་ལས་ ཁ་ཐུན་རེ་གཏང་སྡོད་པའི་ཁར་ དུས་བཟང་ཚུ་ནང་ ཉིནམ་༡ དང་ཟླཝ་༡ གི་བར་ན་ མཚམས་རེ་བཅད་དེ་ སྡོད་དོ་ཡོད་པའི་ཁར་ ཉི་མ་ ཁོ་རའི་སྤོས་བཟོ་ཁང་ནང་ ལྟ་རྟོག་རེ་འབད་དེ་ སྡོད་དོ་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ དགེ་ལེགས་ཕུག་དེ་ གདམ་ཁ་རྐྱབ་དགོ་མི་གཙོ་བོ་ར་ ས་དྲོད་དང་ལྡན་ཏོག་ཏོ་སྦེ་ཡོད་པའི་ཁར་ ས་ཐང་ཨིནམ་མ་ཚད་ ཚོང་ལམ་སྦོམ་ཡོད་མི་ཅིག་འབད་ནི་དེ་གིས་ ཨིན་ཟེར་ཨིན་པས།
དགེ་ལེགས་ཕུག་ཁྲོམ་གྱི་ས་ཁོངས་ནང་ ཞི་གཡོགཔ་གོངམ་ཚུ་རྩིས་ཏེ་ མི་གྲངས་བརྒྱ་ལྷགཔ་ཅིག་སྡོད་ཡོདཔ་མ་ཚད་ མང་ཤོས་ཅིག་གིས་ ས་ཆ་ཚུ་ཉོ་སྟེ་ སྡོད་མི་ཡང་ལེ་ཤ་ཡོདཔ་ཨིན་པས།
ཁྲོམ་ཁར་སྡོད་མི་ཚུ་ཡང་ ཕར་ཚུར་གཅིག་གིས་གཅིག་ལུ་ ངོ་ཤེས་འདྲིས་ཤེས་ཡོདཔ་ད་ མང་ཤོས་ ཁྲོམ་གྱི་འཛོམས་འདུ་དང་ ཆོས་ཕྱོགས་ཀྱི་ལས་རིམ་ཚུ་འཚོགས་པའི་སྐབས་ ཕྱད་ཚུགས་དོ་ཡོདཔ་ལས་ དེ་བསྒང་ ཁོང་ཆ་ཁྱབ་ གཅིག་ཁར་སྤུངས་འཛོམས་འབད་དེ་ བཤད་ཐོ་རེ་བཏང་སྦེ་ ཉམས་དགའ་སྤྲོ་དང་བཅས་པའི་སྒོ་ལས་ སྡོདཔ་ཨིན་པའི་གནས་ཚུལ།


དགེ་ལེགས་ཕུག་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment