གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དགེ་ལེགས་ཕུག་ ནང་འཁོད་གནམ་ཐང་གསརཔ་ འགོ་འབྱེད་འབད་ཡོདཔ།

༢༦/༡༠/༢༠༡༢   ༉ ད་ལྟོ་ཚུན་ཚོད་ དུས་ཡུན་རིངམོ་སྦེ་བསྒུགས་སྡོད་མི་ དགེ་ལེགས་ཕུག་ ནང་འཁོད་གནམ་ཐང་དེ་ ཁ་ཙ་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ འགོ་འབྱེད་མཛད་གནང་ཡི།
སྤ་རོ་རྒྱལ་སྤྱི་གནམ་ཐང་ལས་ དགེ་ལེགས་ཕུག་ ནང་འཁོད་གནམ་ཐང་ཚུན་ འཕུར་འགྲུལ་འབདཝ་ད་ དུས་ཡུན་སྐར་མ་༢༥ འགོར་དོ་ཡོདཔ་ཨིན་པས།

ཁ་ཙ་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་ དགེ་ལེགས་ཕུག་ ནང་འཁོད་གནམ་ཐང་གསརཔ་ འགོ་འབྱེད་མཛད་ནིའི་དོན་ལུ་ གནམ་ཐང་ནང་ཕེབས་ད་ ལྟདམོ་ལྟ་བར་
འཛོམས་མི་ ས་གནས་ཀྱི་མི་སེར་ བརྒྱ་ཕྲག་ལས་བཅད་མི་ཚུ་ལུ་ ཕྱག་སེང་སྟེ་ དགའ་འཛུམ་ཐོག་ལས་ གཟིགས་གནང་པའི་བསྒང་།
ཁ་ཙ་ སྤ་རོ་ལས་ འགོ་འབྱེད་དོན་ལུ་ འཕུར་འགྲུལ་འབད་མི་ འབྲུག་གི་གནམ་གྲུ་ དགེ་ལེགས་ཕུག་ ནང་འཁོད་གནམ་ཐང་གསརཔ་ནང་ ཆགས་རན་པའི་བསྒང་།


དགེ་ལེགས་ཕུག་གནམ་ཐང་ནང་ འགོ་དང་པ་ གནམ་གྲུ་ཆགས་པའི་སྐབས་ དགེ་ལེགས་ཕུག་ལུ་སྡོད་མི་ སྟོང་ཕྲག་ལྷགཔ་ཅིག་གིས་ དགའ་འཛུམ་དང་བཅས་པའི་སྒོ་ལས་ གནམ་གྲུ་ཆགས་སར་ ལྟདམོ་ལྟ་སྡོདཔ་ཨིན་པས།
བློན་ཆེན་གྱིས་ མི་མང་ལུ་ དང་པ་ར་ ད་སའི་ལོ་གསར་ལེགས་ཤོམ་སྦེ་ མཇུག་བསྡུ་མི་ལུ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ ཐུགས་ངལ་རངས་ཀྱི་ བཀྲ་ཤིས་བདེ་ལེགས་ གསུངས་གནངམ་དང་གཅིག་ཁར་ ད་རེས་ དགེ་ལེགས་ཕུག་གི་གནམ་ཐང་ནང་ མཁའ་འགྲུལ་གྱི་ཞབས་ཏོག་ འགོ་བཙུགས་པའི་ཤུལ་ལས་ རྒྱལ་ཁབ་ནང་ འཁོར་ལམ་དང་ གློག་མེ་ འཐུང་ཆུ་ བརྒྱུད་འགྲུལ་ ཨ་ལུ་སློབ་གྲྭ་ནང་བཙུགས་ནི་ལ་སོགས་པའི་ གཞི་རྟེན་མཐུན་རྐྱེན་ཚུ་ འདྲ་མཉམ་སྦེ་ བསྒྲུབས་ཡོདཔ་མ་ཚད་ ཁྱད་རིག་གི་ ཞབས་ཏོག་ཚུ་ཡང་ རྒྱལ་ཁབ་ཀྱི་ ཕྱོགས་བཞི་ཆ་མཉམ་ནང་ གཞི་བཙུགས་འབད་ཚར་ཡི་ཟེར་ཨིན་པས།
བློན་ཆེན་གྱིས་ གསུངས་མིའི་ནང་ ས་གོ་ཡངས་པའི་ཁར་ ས་མཚམས་ཀྱི་ཁྲོམ་སྡེ་ཅིག་འབདཝ་ལས་བརྟེན་ གཞན་མི་གནམ་ཐང་ཚུ་དང་ཕྱདཔ་ད་ དགེ་ལེགས་ཕུག་གི་གནམ་དེ་ དཔལ་འབྱོར་གོང་འཕེལ་གྱི་དོན་ལུ་ འོས་འབབ་སྦོམ་ཡོད་མི་ཅིག་ཨིན་ཟེར་ཨིན་པས།
ཨིན་རུང་ མཐུན་རྐྱེན་དེ་ ག་དེམ་ཅིག་ ལག་ལེན་འཐབ་སྟེ་ གོང་འཕེལ་གཏང་ནི་ཨིན་ན་ མི་སེར་གྱི་ལག་པར་ཡོད་ཟེར་ བློན་ཆེན་གྱིས་གསུངས་ཡི།
བློན་ཆེན་གྱི་ཕྱག་ཞུ་སྟེ་ བརྒྱུད་འབྲེལ་བློན་པོ་ ནཱན་ད་་ལཱལ་དང་ ལས་གཡོག་བློན་པོ་ རྡོ་རྗེ་དབང་འདུས་ཡང་ བྱོན་ཡོདཔ་ཨིན་པས།
གནམ་ཐང་དེ་ རབ་གནས་ཁྲུས་གསོལ་གནང་པའི་ཤུལ་ལུ་ མི་གྲངས་༤༠ རེ་འབད་མི་ ས་གནས་ཀྱི་མི་སེར་ སྡེ་ཚན་༢ བཟོ་སྟེ་ ཤོང་ཚད་༤༨ འབད་མི་ གནམ་གྲུ་དེ་ནང་ འཕུར་ནིའི་གོ་སྐབས་ བྱིན་ཡོདཔ་ཨིན་པས།
རྟགས་རིལ་འཐུ་སྟེ་ གནམ་གྲུ་ནང་ འཕུར་ནིའི་གོ་སྐབས་ཐོབ་མི་གཅིག་ གསར་སྤང་གཤོམ་སྤང་ཁ་རྒེད་འོག་ ནོར་བུ་སྒང་ལས་ སྐྱེས་ལོ་༨༩ འབད་མི་ ཏཱིལ་ བཱ་དྷུར་ བཱོན་ཟོམ་ཨིནམ་ད་ ཁོ་གིས་ སླབ་མིའི་ནང་ གནམ་གྲུ་ནང་ འཛུལ་ནིའི་གོ་སྐབས་ཐོབ་མི་དེ་ ཁོ་གི་མི་ཚེ་ནང་ གཉིད་ལམ་བཟུམ་ཅིག་སྦེ་ མཐོང་ཡི་ཟེར་ཨིན་པས།
གཟུགས་འཁརཝ་ལུ་བརྟེན་ཏེ་འོང་མི་ འགྲུལ་པ་ཚུ་གི་གྲས་ལས་ རྒས་ཤོས་ཅིག་ཨིན་མི་ ཏཱིལ་ བཱ་དྷུར་གྱིས་ སླབ་མིའི་ནང་ དགེ་ལེགས་ཕུག་ལུ་ གནམ་གྲུ་ལྷོད་འོང་ཟེར་ གོ་བའི་ཤུལ་ལུ་ ནམ་ཆགས་ནི་ཨིན་ནའི་ རེ་བ་བསྐྱེད་དེ་ར་ སྡོད་ཅི་ཟེར་ཨིནམ་ད་ ད་རེས་ དངོས་སུ་མཐོངམ་མ་ཚད་ ནང་ན་འཛུལ་ནིའི་ གོ་སྐབས་ཐོབ་ཚུགས་ནི་དེ་གིས་ བསམ་པ་རྫོགས་ཅི་ཟེར་ཨིན་པས།
ཏཱིལ་ བཱ་དྷུར་དང་ འགྲུལ་པ་གཞན་ཚུ་གིས་ གནམ་ཐང་གི་ཉེ་འདབས་ལུ་ཡོད་པའི་ པདྨ་ཐང་དང་ བསམ་གཏན་ཐང་གཡུས་ཚན་གྱི་མགུ་ལས་ གངས་རི་སྐོར་ར་རྐྱབ་སྟེ་ དུས་ཡུན་སྐར་མ་༡༠ དང་༡༢ རེའི་བར་ན་ འཕུར་ནིའི་གོ་སྐབས་ཐོབ་ཡོདཔ་ཨིན་པས།
གནམ་ཐང་དེ་ མ་གཞི་ འགོ་འབྱེད་འབད་ཡོད་རུང་ ཞི་བའི་མཁའ་འགྲུལ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་དང་འཁྲིལཝ་ད་ གནམ་ཐང་དེ་ ད་རེས་ འགོ་འབྱེད་རྐྱངམ་གཅིག་མ་གཏོགས་ ནམ་ལས་ རྒྱུན་འགྲུལ་འགོ་བཙུགས་འོང་ག་ སླབ་མི་ཤེས་ཟེར་ཨིན་པས།
ཞི་བའི་མཁའ་འགྲུལ་ལས་ཁུངས་ཀྱི་མདོ་ཆེན་ དབང་འདུས་རྒྱལ་མཚན་གྱིས་ སླབ་མིའི་ནང་ ད་རེས་ འགོ་བྱེད་འབད་མི་དེ་ གཟའ་སྐར་འཕྲོད་སྦྱོར་ ག་ནི་བ་ བཟང་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
དབང་འདུས་རྒྱལ་མཚན་དང་འཁྲིལཝ་ད་ རྒྱུན་འགྲུལ་འགོ་བཙུགས་ནིའི་དོན་ལུ་ དུས་ཨ་རྟག་ཧར་ལུགས་དང་འཁྲིལ་ འབྲུག་མཁའ་འགྲུལ་ལས་འཛིན་ལུ་ ཚོང་འབྲེལ་གྱི་དོན་ལུ་ ཚོང་མགྲོན་པའི་ ཞིབ་འཚོལ་ཚུ་འབད་དགོ་ཟེར་ཨིནམ་ད་ ཚོང་མགྲོན་པའི་ཁ་ཐུག་ལས་ ངོས་ལེན་ལེགས་ཤོམ་ཡོད་པ་ཅིན་ ལས་འཛིན་གྱིས་ འཕྲལ་མགྱོགས་ར་ འགོ་བཙུགས་འོང་ཟེར་ཨིན་པས།
ཨིན་རུང་ ཁོ་གིས་ སླབ་མིའི་ནང་ འཕྲལ་ཁམས་ཀྱི་བྱུང་རྐྱེན་ཚུ་དང་འཁྲིལ་ གནམ་ཐང་གི་ཕྱི་ལས་ ལྕགས་སྐུད་རྭཝ་རྐྱབ་ནི་ལ་སོགས་པའི་ ཉེན་སྲུང་སྒྲིང་སྒྲིང་བཟོ་ནིའི་དོན་ལུ་ཡང་ དུས་ཐེབས་འགོར་ནི་མས་ཟེར་ཨིན་པས།
གནམ་གྲུའི་རྒྱུག་ལམ་དེ་ མི་ཊར་༡,༥༠༠ དང་ རྒྱ་ཚད་ལས་འབད་བ་ཅིན་ མི་ཊར་༤༠ ཡོདཔ་ཨིན་པའི་གནས་ཚུལ།

དགེ་ལེགས་ཕུག་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment