གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལཱ་གཡོག་ལུ་ བརྩི་མཐོང་བསྐྱེད་དགོ་པའི་ དངོས་མཐོང་འགྲེམ་སྟོན།

༢༥/༡༠/༢༠༡༢   མི་སྡེ་དང་འབྲེལ་བའི་དཀའ་ངལ་ཚུ་ བསལ་དགོ་པ་ཅིན་ དངོས་མཐོང་འགྲེམ་སྟོན་ཐོག་ལས་ གོ་བ་བརྡ་སྤྲོད་འབད་དགོཔ་ ཁག་ཆེ་ཟེར་ཨིན་པས།

༉ སྤྱི་ཟླ་༡༠ པའི་ཚེས་༢༣ ལུ་ ཐིམ་ཕུའི་ན་གཞོན་༨༠ དེ་ཅིག་གིས་ ཁས་བླངས་ཐོག་ལས་ ཚོས་གཞི་ལྕང་ཁ་འབད་མི་ ཞྭམོ་དང་ དོརམ་ ཁེན་འཇར་ དེ་ལས་ ཆུ་ལྷམ་ཚུ་ བཙུགས་ཐོག་ལས་ ཐིམ་ཕུ་ཁྲོམ་གྱི་ ཆུ་གཡུར་ཚུ་ནང་ ཕྱགས་སྙིགས་དང་ རག་རོག་ ག་ལྷོད་བཀོག་བཞག་མི་ཚུ་ བསྡུ་བསྒྱོམ་འབད་ཡོདཔ་ད་ དེ་ཡང་ ལཱ་གཡོག་ལུ་ བརྩི་མཐོང་བསྐྱེད་དགོ་པའི་ དངོས་མཐོང་འགྲེམ་སྟོན་འབདཝ་ཨིན་པས།
ན་གཞོན་༨༠ དེ་ཅིག་གིས་ ཐིམ་ཕུ་ཁྲོམ་གྱི་ ཆུ་གཡུར་ཚུ་ནང་ ག་ལྷོད་བཀོག་མི་ ཕྱགས་སྙིགས་རག་རོ་ཚུ་ བསྡུ་བསྒྱོམ་འབད་བའི་བསྒང་།


དེ་ཡང་ སྤྱི་ཟླ་༡༠ པའི་ཚེས་༡༣ ལུ་ འབྲུག་ཨི་ཀཱོམསི་ལས་སྡེ་གིས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་དང་འབྲེལ་བའི་ གོ་བརྡའི་ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ལས་རིམ་དེ་གི་འོག་ལུ་ དཔེ་སྟོན་གོ་བརྡའི་ལས་རིམ་དང་ སྤྲོ་སྟོན་གོ་བརྡའི་ལས་རིམ་ཟེར་ དབྱེ་ཁག་༢ བཟོ་སྟེ་ཡོདཔ་ཨིན་པས།
ཁ་ཉིནམ་ རེས་གཟའ་ལྷག་པ་ལུ་ རྐང་འགྲུལ་པའི་ཉིནམ་དང་འབྲེལ་ཏེ་ ལཱ་གཡོག་ལུ་བརྩི་མཐོང་ཟེར་བའི་ བརྗོད་དོན་ཐོག་ལུ་ དཔེ་སྟོན་བཟུམ་ཅིག་སྦེ་ དངོས་མཐོང་འགྲེམ་སྟོན་ཅིག་ འགོ་འདྲེན་འཐབ་མི་དེ་ དཔེ་སྟོན་ལས་རིམ་ཚུ་གི་གྲས་ལས་ འགོ་དང་པ་ཨིན་པས།
ལཱ་གཡོག་ལུ་ བརྩི་མཐོང་ཟེར་བའི་ བརྗོད་དོན་ཐོག་ལུ་ དཔེ་སྟོན་འབད་དགོ་མི་དེ་ཡང་ ང་བཅས་རའི་ རྒྱལ་ཁབ་ནང་ ལཱ་གཡོག་ལུ་བརྩི་མཐོང་གི་སྐོར་ལས་ ཁ་གིས་སླབ་མི་ ལེ་ཤ་ཡོད་རུང་ དངོས་སུ་ལཱ་འབད་དེ་ དཔེ་སྟོན་འབད་མི་ དཀོན་ནི་དེ་གིས་ མི་མང་ཤོས་ཅིག་གིས་ ཕྱགས་བདར་རྐྱབ་ནི་དང་ ཆུ་གཡུར་ནང་ལས་ རག་རོག་ཚུ་ ལགཔ་གིས་འཐུ་བཀོ་ནི་ལ་སོགས་པའི་ ལཱ་ཚུ་ལུ་ ངོ་མ་ཚ་བར་ ལཱ་གི་སྦོམ་ཆུང་ ག་ཅི་བཟུམ་ཨིན་རུང་ བརྩི་མཐོང་བསྐྱེད་དེ་ འབད་དགོ་ཟེར་བའི་ གོ་བ་བརྡ་སྤྲོད་འབད་ཚུགས་པའི་ རེ་བ་ལུ་དམིགས་ཏེ་ཨིན་པས།
དེ་བཟུམ་སྦེ་ ལཱ་གཡོག་བརྩི་མཐོང་གི་ བརྗོད་དོན་ཐོག་ལུ་ གནམ་དགུན་གྱི་ ངལ་གསོའི་སྐབས་ སློབ་ཕྲུག་ཚུ་ལུ་ ལཱ་གཡོག་གོམས་འདྲིས་ཀྱི་ ཞབས་ཏོག་དང་ ཁས་བླངས་ཞབས་ཏོག་ ཕྱགས་སྙིགས་འཐུ་ནི་ རྒྱལ་ཁབ་ནང་འཁོད་ཀྱི་ མཆོད་རྟེན་ཚུ་ལུ་ དཀར་རག་གཏང་ནི་ རང་བཞིན་རྐྱེན་ངན་གྱི་སྐབས་ལུ་ གྲོགས་རམ་འབད་ནི་ཚུ་ ཚུད་ནི་ཨིན་པས།
ལས་རིམ་དེ་ མི་མང་གི་ གོ་བརྡའི་དོན་ལུ་ རྒྱལ་ཁབ་ཀྱི་རྫོང་ཁག་༢༠ ནང་ དཔེ་སྟོན་འབད་ནི་ཨིན་པའི་ཁར་ ཤུལ་མའི་བདུན་ཕྲག་ནང་ དགེ་ལེགས་ཕུག་ལུ་ འགྲེམ་སྟོན་འབད་ནི་ཨིན་པས།
སྤྲོ་སྟོན་ལས་རིམ་དེ་ གཙོ་བོ་ སྨྱོ་རྫས་དང་ སྨྱོ་ཆང་ ཕོ་མོའི་འདྲ་མཉམ་ རང་བཞིན་གནས་སྟངས་ཉམས་སྲུང་ ནང་འཁོད་རྩུབ་སྤྱོད་ ལས་རྒྱུ་འབྲས་ཚུ་གི་སྐོར་ལས་ འཁྲབ་སྟོན་འབད་ནི་དང་ ཞབས་ཁྲའི་ཐོག་ལས་ དུས་སྟོན་དང་ ཚེས་བཅུའི་སྐབས་ལུ་ གོ་བ་བརྡ་སྤྲོད་འབད་ནི་ཨིན་པས།
དེ་བཟུམ་གྱི་ ལས་རིམ་ཚུ་ འགོ་འདྲེན་འཐབ་དགོ་མི་དེ་ཡང་ ང་བཅས་རའི་རྒྱལ་ཁབ་ནང་ ལཱ་གཡོག་གི་དཀའ་ངལ་ཚུའི་སྐོར་ལས་ ཁ་གིས་སླབ་མི་ཡོད་རུང་ ལག་ལེན་དང་ ངོས་ལེན་འབད་དེ་ དཔེ་སྟོན་འབད་མི་ དཀོན་ནི་དེ་གིས་ ཨིན་ཟེར་ཨིན་པས།
མི་སྡེ་དང་འབྲེལ་བའི་དཀའ་ངལ་ཚུ་ བསལ་དགོ་པ་ཅིན་ དཔེ་སྟོན་འབད་དེ་ གོ་བ་སྤྲོད་དགོཔ་ཁག་ཆེཝ་ལས་ ཁོང་གིས་ ལས་རིམ་དང་ཐབས་ཤེས་ སྣ་ཚོགས་ཀྱི་ཐོག་ལས་ མི་མང་ལུ་ གོ་བརྡ་སྤྲོད་ཚུགསཔ་འབད་ནི་ཟེར་ འཛིན་སྐྱོང་མདོ་ཆེན་ ཨོ་རྒྱན་རྒྱལ་མཚན་གྱིས་ བཤདཔ་ཨིན་པས།
ད་ལྟོ་ཚུན་ཚོད་ མི་ཚུ་གིས་ ལཱ་གཡོག་གི་ སྦོམ་ཆུང་བལྟ་ནི་དང་ ཕྱགས་བདར་རྐྱབ་ནི་ལ་སོགས་པའི་ ལཱ་གཡོག་ཆུང་ཀུ་ཚུ་འབདཝ་ད་ ངོ་ཚ་དོ་ཡོདཔ་ཨིན་རུང་ དེ་བཟུམ་གྱི་ དཔེ་སྟོན་འབད་བ་ཅིན་ ན་གཞོན་གཞན་མི་ཚུ་གིས་ཡང་ དེ་ལུ་ སྤྲོ་བ་ལེན་བཅུག་ནིའི་ ཐབས་ལམ་ལེགས་ཤོམ་ཅིག་ཨིན་པས་ཟེར་ ཨི་ཀཱོམསི་ནང་ལཱ་འབད་མི་ སྐུ་གསུང་ཐུགས་རྟེན་གྱིས་ སླབ་ཨིན་པས།
དེ་བཟུམ་གྱི་ མི་སྡེའི་ལས་རིམ་ འགོ་འདྲེན་འཐབ་མི་དེ་གིས་ ང་བཅས་རའི་མི་ཚུ་གིས་ མ་ཤེསཔ་ཚུ་ ཤེསཔ་བཟོ་ནི་དང་ ན་གཞོན་ཚུ་ལུ་ སེམས་ཤུགས་བསྐྱེད་བཅུག་ནི་ལུ་ ཕན་ཐོགས་འབྱུང་ནི་མས་ཟེར་ ལས་རིམ་ནང་བཅའ་མར་གཏོགས་མི་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ལས་ སློབ་སྦྱོང་མཇུག་བསྡུ་མི་ ཟླ་བ་ནོར་བུ་གིས་ སླབ་ཨིན་པས།
ད་རེས་ཀྱི་ ལས་རིམ་དེ་ འགོ་དང་པ་ཨིནམ་ད་ ད་རུང་ མི་སྡེ་དང་འབྲེལ་བའི་ ལས་རིམ་ཁག་མ་འདྲཝ་ལེ་ཤ་ཅིག་ར་ དཔེ་སྟོན་དང་འཁྲབ་སྟོན་འབད་ནིའི་ འཆར་གཞི་ཡོད་ཟེར་ ལས་རིམ་འགོ་དཔོན་ ཡེ་ཤེས་དབང་ཕྱུག་གིས་ སླབ་ཨིན་པས།
ལས་རིམ་དེ་ལུ་ རྒྱལ་ཡོངས་མཐའ་འཁོར་ལྷན་ཚོགས་དང་ ལཱ་གཡོག་ལྷན་ཁག་ ཐིམ་ཕུ་ཁྲོམ་སྡེ་གིས་ རྒྱབ་སྐྱོར་འབད་དོ་ཡོདཔ་ཨིན་པས།
འབྲུག་ཨི་ཀཱོམསི་ལས་སྡེ་དེ་ རྒྱལ་ཁབ་ནང་ དེ་བཟུམ་མའི་ ལས་རིམ་འགོ་འདྲེན་འཐབ་མི་ ལས་སྡེ་དང་པ་ཨིནམ་བཞིན་དུ་ སྤྱི་ཟླ་༡༠ པའི་ཚེས་༡༣ ལུ་ རྒྱལ་བཙུན་བཀྲ་ཤིས་མངའ་གསོལ་གྱི་ དུས་སྟོན་དང་འབྲེལ་ཏེ་ འགོ་འབྱེད་འབད་ཡོདཔ་ ཨིན་པའི་གནས་ཚུལ།


ནོར་འཛིན་ལྷ་མོ།

No comments:

Post a Comment