གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དགེ་འདུ་ལུ་ ལས་བྱེདཔ་ཅིག་ལུ་ ཤི་རྐྱེན་བྱུང་མིའི་ རྒྱུ་རྐྱེན་ཧ་མ་གོ་བར་ཡོདཔ།

༢༧/༡༠/༢༠༡༢   ༉ ཁ་ཙ་ཉིན་མར་ སྐྱེས་ལོ་༢༧ ལང་མི་ ཕོ་སྐྱེས་ཅིག་ དགེ་འདུ་སྨན་ཁང་ནང་ འབག་བསྐྱལཝ་ད་ ཤི་ཚར་ཡོདཔ་ཨིན་རུང་ རོ་བརྟག་འབད་མི་ ཌོག་ཊར་དེ་ གཞན་ཁར་སོང་ཡོདཔ་ལས་ རྒྱུ་རྐྱེན་ག་ཅི་ལུ་བརྟེན་ ཤི་ཡོདཔ་ཨིན་ན་ གསོ་བའི་ལས་བྱེདཔ་ཚུ་གིས་ གཏད་འཁེལ་སྦེ་ སླབ་མ་ཚུགསཔ་ཨིན་པས།


པདྨ་དགའ་ཚལ་ནང་སྐོར་ལས་ཨིན་མི་ ཚེ་འདས་དེ་ དགེ་འདུ་ཚོང་འབྲེལ་མཐོ་རིམ་སློབ་གྲྭའི་ མགྱོན་ཁྱིམ་གྱི་ འགན་འཛིན་པ་ཨིནམ་ལས་ ཁོ་ར་རྐྱངམ་གཅིག་ མགྱོན་ཁྱིམ་གྱི་ སྦོ་ལོགས་ཁར་ སྡོདཔ་ཨིན་པས།
དགེ་འདུའི་ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ ཕོ་སྐྱེས་དེ་ དོན་ཧིང་གི་ནད་ ཧང་སྟོང་མར་ ཐོབ་སྟེ་དང་ ཡང་ཅིན་ སྨན་ཚད་ལས་བརྒལ་ཏེ་ བཟའ་སྤྱོད་འབད་མི་ལུ་བརྟེན་ ཤི་རྐྱེན་བྱུང་ཡོདཔ་ཨིན་ན་ ཧ་གོ་མ་ཚུགསཔ་ལས་ ད་ལྟོ་ ཞིབ་དཔྱད་རྐྱབ་པའི་བསྒང་ཡོད་ཟེར་ཨིན་པས།
མཐོ་རིམ་སློབ་གྲྭའི་ ཐབ་ཚངཔ་དེ་གིས་ ཁྲིམས་སྲུང་འགག་པ་ལུ་ སླབ་མིའི་ནང་ ཁོ་ ཚེ་འདས་འབད་སར་ སོང་བའི་སྐབས་ ཚེ་འདས་དེ་ བདེ་ཏོག་ཏོ་མེདཔ་མ་ཚད་ ན་དོ་བཟུམ་སྦེ་ མཐོང་ཡི་ཟེར་ཨིནམ་ད་ དེ་བསྒང་ ང་གིས་ ཁྱོད་ནཝ་འདྲས་མེན་ན་ཟེར་སླབ་ད་ ཁོ་ལུ་ སྟབས་མ་བདེཝ་ག་ནི་ཡང་མེདཔ་སྦེ་ ཐབ་ཚངཔ་ལུ་ སླབ་ནུག་ཟེར་ ཁྲིམས་སྲུང་འགག་པའི་ འགོ་དཔོན་གྱིས་ བཤདཔ་ཨིན་རུང་ དུས་ཡུན་དུམ་གྲ་ཅིག་གི་རྒྱབ་ལས་ ཚེ་འདས་ཀྱི་ གནས་སྟངས་དེ་ སྐྱོ་དྲགས་ཡར་སོཔ་ལས་ ཐབ་ཚངཔ་གིས་ དེ་འཕྲོ་ལས་ ཆ་རོགས་གཞན་ཅིག་ལུ་ བརྡ་སླབ་ནུག་ཟེར་ སླབ་ཨིན་པས།
ཐབ་ཚངཔ་གིས་ ཁྲིམས་སྲུང་འགག་པ་ལུ་ སླབ་མིའི་ནང་ ཚེ་འདས་དེ་ དབུགས་གཏོང་ལེན་གྱི་ དཀའ་ངལ་འཕྲལ་འཕྲལ་འབད་ར་ འབྱུང་ནི་ཡོད་ཟེར་ཨིན་པས།
ཨིན་རུང་ ཞིབ་དཔྱད་རྐྱབ་པའི་སྐབས་ ཁྱིམ་ནང་ཕུད་བཞག་མི་ ཚེ་འདས་ཀྱི་ ཇེཊ་ནང་ལས་ སྨན་ལེབ་ཨེསི་པི་དང་ ཨེན་-༡༠ དག་པ་ཅིག་ ཐོབ་ཡོདཔ་ཨིན་པས།
དེ་འབདཝ་ད་ ཌོག་ཊར་གྱིས་ བརྟག་དཔྱད་འབད་འབདཝ་མེདཔ་ལས་ སྨན་ལེབ་བཟའ་བའི་ཤུལ་ལུ་ ཤི་སོ་ནུག་ཟེར་ ད་ལྟོ་ ངེས་བརྟན་སྦེ་ སླབ་མི་ཚུགས་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ ཚེ་འདས་ཀྱི་ ནང་མི་ཚུ་ལུ་ བརྡ་སླབ་ཡོདཔ་ལས་ ཁོང་ དགེ་འདུ་ལུ་ལྷོདཔ་ཅིག་ ཕུངམ་རྩིས་སྤྲོད་འབད་འོང་ཟེར་ཨིན་པའི་གནས་ཚུལ།

No comments:

Post a Comment