གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ད་རིས་ལས་ རྐ་མེད་ཆུ་དང་ ཕུན་ཚོགས་གླིང་གི་བར་ན་ འགྲུལ་སྐྱེལ་བཱསི་གི་ ཞབས་ཏོག་འགོ་བཙུགས་ནི།

རྐ་མེད་ཆུ་དང་ ཕུན་ཚོགས་གླིང་གི་བར་ན་ འགྲུལ་སྐྱེལ་བཱསི་བཙུགས་མི་དེ་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་གྱིས་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་ལུ་ གྲོས་གཞི་ཕུལ་མི་དང་འཁྲིལ་ཏེ་ཨིན་པས། 
ཁ་ཙ་ འགྲུལ་སྐྱེལ་བཱསི་གི་ ཇོ་བདག་ལུ་ རྩིས་སྤྲོད་འབད་མི་ རྐ་མེད་ཆུའི་ ཤོག་འཛིན་བཏོག་ཁང་།
༢༠/༡༠/༡༢། ༉ ད་རིས་ལས་ དབང་འདུས་ཕོ་བྲང་ རྐ་མེད་ཆུ་་དང་ ཕུན་ཚོགས་གླིང་གི་བར་ན་ འགྲུལ་སྐྱེལ་ཞབས་ཏོག་ འགོ་བཙུགས་ནི་ཨིནམ་ལས་ རྒེད་འོག་༤ གི་ མི་སེར་ཚུ་དང་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་ནང་ ལཱ་འབད་མི་ཚུ་གིས་ ཞབས་ཏོག་ལག་ལེན་འཐབ་ཚུགས་ནི་ཨིན་པས།
ས་གནས་དེ་ཁ་ལས་ ཤོག་འཛིན་སྤྲོད་ནིའི་དོན་ལུ་ འབྲེལ་སྟེགས་ཁང་གསརཔ་ ཆུང་ཀུ་ཅིག་རྐྱབ་མི་དེ་ ཁ་ཙ་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་དང་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱིས་ འགྲུལ་སྐྱེལ་བཱསི་གི་ ཇོ་བདག་ལུ་ རྩིས་སྤྲོད་འབད་ཡི།

ཞབས་ཏོག་དེ་ དར་དཀར་ནང་དང་ ཨ་ཐང་ དགའ་སེང་ཚོ་འོགམ་ དེ་ལས་ རུས་པའི་ས་རྒེད་འོག་གི་ མི་སེར་ཚུ་གིས་ ལག་ལེན་འཐབ་ཚུགས་ནི་ཨིན་པས།
ད་ཚུན་གྱི་བར་ན་ ས་གནས་ཀྱི་ མི་ཚུ་གིས་ འགྲུལ་སྐྱེལ་བཱསི་གི་ ཞབས་ཏོག་ལེན་ནིའི་དོན་ལུ་ དབང་འདུས་བ་འཇོ་ཁྲོམ་ཁར་ འགྱོ་དགོ་དོ་ཡོདཔ་ཨིན་པས།
གཡུས་མི་ཚུ་གིས་ སླབ་མིའི་ནང་ ཐིམ་ཕུ་དང་ ཕུན་ཚོགས་གླིང་ལུ་ འགྱོ་དགོཔ་འཐོན་པ་ཅིན་ རྐ་མེད་ཆུ་ལུ་ སྣུམ་འཁོར་ཐོབ་པའི་རེ་བ་བསྐྱེད་དེ་ ཉིནམ་གཅིག་ར་ བསྒུགས་སྡོད་རུང་ སྣུམ་འཁོར་མ་ཐོབ་ནི་དེ་གིས་ དཀའ་ངལ་སྦོམ་བྱུངམ་མས་ཟེར་ཨིན་པས།
ཨིན་རུང་ མི་མང་ཤོས་ཅིག་གིས་ གླ་འཁོར་ནང་ འགྱོ་དོ་ཡོདཔ་ཨིན་རུང་ གླ་ཆ་ཉུང་ཤོས་ དངུལ་ཀྲམ་༥༠༠ ལས་༧༠༠ གི་བར་ན་ལེན་ནི་དེ་གིས་ མི་ཉམ་ཆུང་ཚུ་གིས་ གླ་འཁོར་གྱི་ཞབས་ཏོག་ ལེན་མ་ཚུགས་པའི་ དཀའ་ངལ་ཡོདཔ་ཨིན་པས།
ད་ལས་ཕར་ རྐ་མེད་ཆུ་དང་ ཕུན་ཚོགས་གླིང་གི་བར་ན་ ཉིནམ་ཨ་རྟག་ར་ འགྲུལ་སྐྱེལ་བཱསི་༢ ལག་ལེན་འཐབ་ནི་ཨིནམ་ད་ དེ་ཡང་ བཱསི་གཅིག་ ཕུན་ཚོགས་གླིང་ལུ་འགྱོཝ་ད་ གཞན་མི་དེ་ རྐ་མེད་ཆུ་ཁ་ཐུག་ལུ་ འོང་ནི་ཨིན་པས།
འགྲུལ་སྐྱེལ་བཱསི་གི་ ཞབས་ཏོག་འགོ་བཙུགས་མི་ མེ་ཏོག་སྐྱེལ་འདྲེན་གྱི་ཇོ་བདག་ པདྨ་འཕྲིན་ལས་གྱིས་འབད་བ་ཅིན་ ཞབས་ཏོག་དེ་གིས་ ས་གནས་ཀྱི་ མི་སེར་ཚུ་ལུ་ཕན་ཐོགས་ཚུགས་པའི་རེ་བ་ཡོད་ཟེར་ཨིནམ་ད་ བཱསི་ཚུ་ནང་ འགྲུལ་པ་༡༩ འི་ ཤོང་ཚད་ཡོད་ཟེར་ སླབ་ཨིན་པས།
འགྲུལ་སྐྱེལ་བཱསི་གི་ ཞབས་ཏོག་དེ་གིས་ རྒེད་འོག་གི་ མི་སེར་ཚུ་ལུ་རྐྱངམ་གཅིག་ ཁེ་ཕན་འབྱུང་ནི་མིན་པར་ སྤུ་ན་གཙང་ཆུ་ གློག་མེ་ལས་འགུལ་ནང་ལཱ་འབད་མི་ རྒྱ་གར་གྱི་ ལས་མི་ཚུ་གིས་ཡང་ ལག་ལེན་འཐབ་ཚུགས་ནི་ཨིནམ་ད་ དེ་ཡང་ ཕུན་ཚོགས་གླིང་ལུ་འགྱོ་མི་ རྒྱ་གར་གྱི་ལས་མི་ཚུ་ ཉིནམ་རེ་ཆད་མེད་པར་ ཐོནམ་མས་ཟེར་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༢ པའི་ ལཱ་གཡོག་འགོ་དཔོན་ ཁྱུང་བདུད་རྡོ་རྗེ་གིས་ སླབ་ཡོདཔ་ད་ ལས་འགུལ་༢ པའི་ནང་ལཱ་འབད་མི་ རྒྱ་གར་གྱི་ མི་ཁུངས་༥༠༠ ལྷགཔ་ཅིག་ཡོདཔ་ཨིན་པས།
རྐ་མེད་ཆུ་དང་ ཕུན་ཚོགས་གླིང་གི་བར་ན་ འགྲུལ་སྐྱེལ་བཱསི་བཙུགས་མི་དེ་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་གྱིས་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་ལུ་ གྲོས་གཞི་ཕུལ་མི་དང་འཁྲིལ་ཏེ་ཨིན་པས།
ཁྱུང་བདུད་རྡོ་རྗེ་གིས་འབད་བ་ཅིན་ ཁོང་གི་དམིགས་ཡུལ་དེ་ ས་གནས་ཀྱི་ མི་སེར་ཚུ་ལུ་ སྐྱེལ་འདྲེན་གྱི་ ཞབས་ཏོག་མེད་པའི་དཀའ་ངལ་ཡོད་མི་དེ་ སེལ་ཐབས་ཀྱི་དོན་ལུ་ ཨིན་ཟེར་ཨིན་པས།
ཤོག་འཛིན་བཏོག་སའི་ འབྲེལ་སྟེགས་དེ་ཡང་ ལས་འགུལ་གྱིས་ ཞུ་བ་འབད་མི་དང་བསྟུན་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༢ པའི་ འཕྲུལ་ཨམ་བཟོ་སྐྲུན་གྱི་ལཱ་འབད་མི་ ཇེ་མི་ལས་སྡེ་གིས་ རིན་མེད་སྟོང་པར་སྦེ་ བཟོ་བྱིན་ཡོདཔ་ཨིན་པས།
སྒེར་གྱི་ལས་སྡེ་ཅིག་ནང་ལཱ་འབད་མི་ ཨྱོན་གྱིས་འབད་བ་ཅིན་ འགྲུལ་སྐྱེལ་བཱསི་གི་ ཞབས་ཏོག་འགོ་བཙུགས་མི་དེ་གིས་ ད་ལས་ཕར་ ཐིམ་ཕུ་ལུ་འགྱོཝ་ད་ གླ་འཁོར་ལག་ལེན་འཐབ་དགོཔ་ མི་ཐོན་ནི་མས་ཟེར་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒྱལ་ས་ཐིམ་ཕུ་ལུ་ གླ་འཁོར་ནང་འགྱོཝ་ད་ གླ་ཆ་ཉུང་ཤོས་ དངུལ་ཀྲམ་༢༥༠ དང་༣༠༠ འི་བར་ན་ སྤྲོད་དགོ་ཟེར་ཨིན་པས།
རྐ་མེད་ཆུ་དང་ ཕུན་ཚོགས་གླིང་གི་བར་ན་ ཀི་ལོ་མི་ཊར་༢༨༠ དེ་ཅིག་ཡོདཔ་བཞིན་དུ་ རྐ་མེད་ཆུ་ལས་ འགྲུལ་སྐྱེལ་བཱསི་དེ་ དྲོ་པའི་ཆུ་ཚོད་༧ ལས་ འགྲོ་འགྲུལ་འབད་ནི་ཨིནམ་ད་ ཕུན་ཚོགས་གླིང་ལས་ འོང་མི་དེ་ཡང་ དྲོ་པའི་ཆུ་ཚོད་༦.༣༠ ལུ་ འགྲོ་འགྲུལ་འབད་ནི་ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment