གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཀང་ལུང་ལུ་ ལོ་བསྟར་ཕུར་པའི་སྒྲུབ་ཆེན་ གནང་པའི་བསྒང་ཡོདཔ།

༢༦/༡༠/༢༠༡༢   ༉ བཀྲིས་སྒང་ བཀང་ལུང་ཟངས་མདོག་དཔལ་རི་བཤད་གྲྭ་ནང་ རང་ཟླ་༩ པའི་ཚེས་༨ ལས་ འགོ་བཙུགས་ཏེ་ ལོ་བསྟར་ཕུར་པའི་སྒྲུབ་ཆེན་གནང་ནི་ འགོ་བཙུགས་ཡོདཔ་ཨིན་པས།
པད་ཚལ་གླིང་སྤྲུལ་སྐུ་ པདྨ་ཀུན་བཟང་བསྟན་འཛིན་རྒྱ་མཚོ་གིས་ དབུ་བཞུགས་ཐོག་ལས་ ཕུར་པའི་སྒྲུབ་ཆེན་གནང་པའི་བསྒང་།


 ཉིན་གྲངས་༩ འི་རིང་ གནང་ནི་ཨིན་མི་ ཕུར་པའི་སྒྲུབ་ཆེན་ཐེངས་༡༥ པ་དེ་ བུམ་ཐང་པད་ཚལ་གླིང་སྤྲུལ་སྐུ་ པདྨ་ཀུན་བཟང་བསྟན་འཛིན་རྒྱ་མཚོ་གིས་དབུ་གཙོས་པའི་ བཀང་ལུང་བཤད་གྲྭའི་དབུ་འཛིན་དང་ མོང་སྒར་སྐྱིད་བདེ་མཁར་བཤད་གྲྭའི་དབུ་འཛིན་ དེ་ལས་ བླ་སྤྲུལ་༧ དང་ དགེ་སློང་ཞལ་གྲངས་༢༥༠ དེ་ཅིག་གིས་ གནང་པའི་བསྒང་ཡོདཔ་ཨིན་པས།
བཀང་ལུང་བཤད་གྲྭའི་སློབ་དཔོན ཡེ་ཤེས་ཀྱིས་ སླབ་མི་དང་འཁྲིལཝ་ད་ སྤྱིར་བཏང་གི་སྒྲུབ་ཆེན་དེ་ ལྷ་ག་ཅི་བཟུམ་གྱི་སྒོ་ལས་བསྒྲུབ་རུང་ བསྒྲུབ་ནི་ཡོད་ཟེར་ཨིནམ་ད་ ཨིན་རུང་ ད་རེས་བཟུམ་ཅིག་འབད་བ་ཅིན་ བྱིན་རླབས་ཆེ་ཤོས་ཅིག་ཨིན་མི་ དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྒོ་ལས་ སྒྲུབ་གནང་དོ་ཟེར་ཨིན་མས།
 དེ་བཟུམ་མའི་ སྒྲུབ་ཆེན་གནང་དགོ་པའི་ དམིགས་ཡུལ་དེ་ཡང་ སྤྱིར་འབྲུག་རྒྱལ་ཁབ་ཀྱིས་གཙོས་པའི་ འཛམ་གླིང་རྒྱལ་ཁབ་ཡོངས་ལུ་ འབྱུང་བ་བཞིའི་རྐྱེན་ངན་ཚུ་ བཟློག་ཐབས་དང་ ལྷག་པར་དུ་ མི་དབང་ཡབ་སྲས་རྣམ་༢ ཀྱིས་གཙོས་པའི་ བློན་འབངས་དང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་གིས་གཙོས་པའི་ བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ སྐུ་ཚེ་ཞབས་པད་བརྟན་ མཛད་པ་ཕྲིན་ལས་ཚུ་ དར་ཞིང་རྒྱས་ཐབས་ལུ་ཨིན་ཟེར་ཨིན་པས།
དེ་མ་ཚད་ སངས་རྒྱས་ཀྱི་བསྟན་པ་ལུ་ གནོདཔབཀོལ་མི་ ཕྱི་ནང་གསང་གསུམ་གྱི་བར་ཆད་ཐམས་ཅད་ ཞི་ཐབས་ལུ་ཨིནམ་མ་ཚད་ ལྷག་པར་དུ་ ང་བཅས་རའི་ རྒྱལ་ཁབ་ཀྱི་རྫོང་གཞི་རྙིང་ཤོས་ཅིག་ཨིན་མི་ བྱིན་རླབས་ཅན་གྱི་ དབང་འདུས་ཕོ་བྲང་ བསྐྱར་བཞེངས་འབད་བའི་སྐབས་ རྐྱེན་དང་བར་ཆད་ཚུ་ ག་ནི་ཡང་མེད་པར་ ལེགས་ཤོམ་སྦེ་ བསྒྲུབ་ཚུགས་ནི་དང་ སྤྱི་ལོ་༢༠༡༣ གྱི་ བཙག་འཐུའི་བྱ་རིམ་ཚུ་ མཐར་འཁྱོལ་འབྱུང་ཐབས་ལུ་ སྒྲུབ་ཆེན་གནངམ་ཨིན་ཟེར་ བཤདཔ་ཨིན་པས།
 སྒྲུབ་ཆེན་གནང་པའི་སྐབས་ལུ་ རྫོང་ཁག་གི་འགོ་དཔོན་ཚུ་དང་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་བུཚ་དང་ བུམོ་ཚུ་གིས་ བཅའ་མར་གཏོགས་ཡོདཔ་མ་ཚད་ གཞན་ཡང་ བཀང་ལུང་རྒེད་འོག་གི་ མི་སེར་དང་ ཚོང་པ་ སློབ་གྲྭ་ དེ་ལས་ ཞི་གཡོགཔ་ཚུ་གིས་ཡང་ བཅའ་མར་གཏོགས་ཡོདཔ་ཨིན་པས།
སྒྲུབ་ཆེན་འདི་ རང་ཟླ་༩ པའི་ཚེས་༡༥ ལུ་ དངོས་གྲུབ་བླང་དབང་དང་ ཚེས་༡༦ ལུ་ ཚོགས་འབུམ་གནང་ཐོག་ལས་ འགྲོལ་གནང་ནི་ཨིན་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment