གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཛམ་གླིང་ནང་ རྩ་མེད་འགྱོ་ནིའི་ཉེན་ཅན་གྱི་གཟིག་ པཱ་ལསི་ཀེཊ་ འབྲུག་ལུ་ཡོད་པའི་མངོན་གསལ།

༡༧/༡༠/༢༠༡༢   ༉ བུམ་ཐང་གི་ དབང་ཕྱུག་བརྒྱ་འཁོར་རྒྱལ་ཡོངས་གླིང་ཁའི་ནང་ གཟིག་གི་གྱངས་ཁ་ཞིབ་རྟོག་གི་དོན་ལུ་ རང་བཞིན་གྱི་པར་བཏབ་མི་ པར་སྒྲོམ་ཚུ་གཞི་བཙུགས་འབད་ཐོག་ལས་ ཞིབ་འཚོལ་ལས་རིམ་ཅིག་ འགོ་འདྲེན་འཐབ་མིའི་ནང་ ཤར་ཨེ་ཤི་ཡ་ལུང་ཕྱོགས་ནང་ རྩ་མེད་འགྱོ་དོ་ཡོད་པའི་ གཟིག་གི་རིགས་ པཱ་ལསི་ཀེཊ་ཟེར་མི་དེ་ པར་སྒྲོམ་ཅིག་གིས་སྦེ་ པར་བཏབ་ཡོདཔ་ལས་ གཟིག་དེ་འབྲུག་ལུ་ཡོད་པའི་ སྒྲུབ་བྱེད་མངོན་གསལ་ འགོ་དང་པ་བྱུང་ཡོདཔ་ཨིན་པས།
ཉམས་ཉེན་ཅན་གྱི་ གཟིག་པཱ་ལསི་ཀེཊ།


ཐིམ་ཕུ་ལུ་ཡོད་པའི་ འཛམ་གླིང་རི་དྭགས་སྲུང་སྐྱོབ་མ་དངུལ་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཨོལ་ལྐོག་འོག་ལས་ སྤུ་རིངམོ་སྦེ་ཡོད་མི་གཟིག་རིགས་དེ་ སྤྱི་ཟླ་དང་པ་དང་༤ པའི་ནང་ བོད་ར་ཟེར་སའི་ས་ཁོངས་ནང་ བཙུགས་བཞག་མི་ པར་སྒྲོམ་ཅིག་ནང་ལུ་ ཚར་ལེ་ཤ་ཅིག་ར་ ཚུད་ནུག་ཟེར་ཨིནམ་ད་ དེ་ལས་ མར་སྒང་ཕུག་གི་ས་ཁོངས་ནང་ བཙུགས་བཞག་མི་ པར་སྒྲོམ་ཅིག་ནང་ སྤྱི་ཟླ་༣ པ་དང་༤ པའི་ནང་ ཚུད་དེ་འདུག་ཟེར་ཨིན་པས།
མར་སྒང་ཕུག་དེ་ བུམ་ཐང་ཆོས་འཁོར་སྟོད་ཀྱི་ སྣ་སྲིད་འཕེལ་ལས་ རྐང་ཐང་སྦེ་འགྱོཝ་ད་ ཉིནམ་༣ འགོར་དོ་ཡོདཔ་ད་ ས་ཁོངས་༢ ཆ་རའི་ནང་ མི་གི་སྡོད་གནས་མེད་པར་ གཡག་འཚོ་མི་དང་ དབྱར་རྩྭ་དགུན་འབུབ་འཐུ་མི་ཚུ་གིས་མ་གཏོགས་ མ་ལྷོད་པའི་ས་ཁོངས་ཅིག་ཨིན་པས།
ཨིང་སྐད་ནང་ གཟིག་དེ་གི་མིང་ པཱ་ལསི་ཀེཊ་ཟེར་མི་དེ་ གཟུགས་ཚད་བྱི་ལི་དང་ འདྲན་འདྲ་སྦེ་ རིང་ཚད་ཨིན་ཅི་༡༨ དང་༢༦ གི་བར་ན་ཡོད་པའི་ཁར་ ལྗིད་ཚད་ཀེ་ཇི་༣ དང་༥ གི་བར་ན་འོང་དོ་ཡོདཔ་མ་ཚད་ ཕོཝ་དང་ཨོལ་ལྐོག་འོག་ལས་ སྤུ་རྒྱ་ཆེ་དྲགས་སྦེ་ འོངམ་ཨིན་པས།
གཟིག་དེ་གི་རྐང་ལག་ཚུ་ གཟིག་རིགས་གཞན་དང་ཕྱདཔ་ད་ ཐུང་ཀུ་ཡོད་པའི་ཁར་ མགུ་ཏོ་ཡང་ ཆུང་ཀུ་ གཟུགས་ཁར་སྤུ་རྒྱ་ཆེ་དྲགས་དང་ ཉམས་རྒྱགས་ཏོ་རི་རི་སྦེ་མཐོངམ་ཨིན་པས།
འགོ་དཔོན་ཚུ་གིས་སླབ་མིའི་ནང་ གཟིག་པཱ་ལསི་ཀེཊ་དེ་ གངས་གཟིག་ཚུ་ འཁྱམས་སའི་ས་ཁོངས་ཚུ་ནང་ འོང་དོ་ཡོདཔ་ཨིན་རུང་ སེམས་ཅན་དེ་གི་ འཁྱམས་སའི་ས་ཁོངས་ མར་ཉམས་ཀྱི་གནས་སྟངས་ཚུ་ལུ་བརྟེན་ རྒྱལ་སྤྱིའི་རང་བཞིན་ཉམས་སྲུང་ཚོགས་སྡེ་གིས་ སྤྱི་ལོ་༢༠༠༢ ལུ་ སེམས་ཅན་དེ་ རྩ་མེད་འགྱོ་ནིའི་ཉེན་ཁ་ཅན་ཅིག་ཨིནམ་སྦེ་ ངོས་འཛིན་འབད་ཡོདཔ་ཨིན་པས།
གཟིག་དེ་གི་རིགས་ཚུ་ གཟུགས་ཁར་སྤུ་རྒྱ་ཆེ་དྲགས་ཡོད་མི་དེ་དང་ ཁོང་གི་གཟུགས་ཀྱི་ཡན་ལག་ཚུ་ སྨན་རྫས་སྦེ་ ལག་ལེན་འཐབ་ནི་དེ་གིས་ ཤ་རོགསཔ་ཚུ་གིས་ སེམས་ཅན་དེ་ཤ་བདའཝ་མས་ཟེར་ རི་དྭགས་སྲུང་སྐྱོབ་མ་དངུལ་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
འཛམ་གླིང་རི་དྭགས་སྲུང་སྐྱོབ་མ་དངུལ་གྱི་ ཉམས་སྲུང་མདོ་ཆེན་ བི་ཇེ་ མོག་ཏཱན་གྱིས་ ཀུན་གསལ་ལུ་སླབ་མིའི་ནང་ འབྲུག་གི་ནགས་ཚལ་འགོ་དཔོན་ཚུ་གིས་ སེམས་ཅན་དེ་ འབྲུག་ལུ་ཡོདཔ་སྦེ་ རྒྱ་མཚོ་ལས་མཐོ་ཚད་མི་ཊར་༢,༨༠༠ དང་༤,༠༠༠ གི་ས་ཁར་ལས་ཕར་ སེམས་ཅན་དེ་ མཐོང་ཚུགས་པའི་ གོ་སྐབས་ཡོད་ལུགས་ཚུ་ བཀོད་མི་ཐོན་ཡོདཔ་ཨིན་རུང་ དངོས་མཐོང་སྒྲུབ་བྱེད་དེ་བཟུམ་ཐོབ་མི་དེ་ འགོ་དང་པ་ཨིན་ཟེར་བཤདཔ་ཨིན་པས།
དེ་བཟུམ་མའི་ དངོས་མཐོང་གི་ གནད་དོན་དེ་དང་འབྲེལ་བའི་ ལས་རིམ་གཞན་ འགོ་འདྲེན་འཐབ་ནིའི་དོན་ལུ་ ཧེ་མ་ར་ གཞན་དང་གཅིག་ཁར་ གྲོས་བསྟུན་ཚུ་འབད་ནི་ཟེར་ འཛམ་གླིང་རི་དྭགས་སྲུང་སྐྱོབ་མ་དངུལ་གྱིས་ ཨེ་མི་རི་ཀ་ལུ་ཡོད་པའི་ ཡིག་ཚང་གོངམ་ལུ་ཡང་ སྙན་ཞུ་འབད་ཡི་ཟེར་ཨིན་པས།
ཨེ་མི་རི་ཀ་ལུ་ཡོད་པའི་ འཛམ་གླིང་རི་དྭགས་སྲུང་སྐྱོབ་མ་དངུལ་གྱི་ ཉམས་སྲུང་ཚན་རིག་མཁས་མཆོག་ རིན་ཇཱན་ ཤི་རིས་ཏ་གིས་སླབ་མིའི་ནང་ པཱ་ལསི་ཀེཊ་དངོས་མཐོང་གི་སྒྲུབ་བྱེད་དེ་སྦེ་ ཐོབ་ཚུགས་མི་དེ་ ཤར་ཕྱོགས་ཧི་མ་ལ་ཡའི་ལུང་ཕྱོགས་ནང་ འགོ་དང་པ་ཨིནམ་འོང་ཟེར་ཨིནམ་ད་ ད་ཚུན་ལུ་ ཤར་ཕྱོགས་ཧི་མ་ལ་ཡའི་ལུང་ཕྱོགས་ནང་ པཱ་ལསི་ཀེཊ་དངོས་མཐོང་གི་སྒྲུབ་བྱེད་དེ་བཟུམ་ བྱུང་ཡོད་པའི་ སྙན་ཞུ་ཅིག་མེད་ཟེར་ཨིན་པའི་གནས་ཚུལ།


བསམ་གཏན་ཡེ་ཤེས།

No comments:

Post a Comment