གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བ་ཨར་རྐུན་འབད་དེ་བསད་མི་ཕོ་སྐྱེས་༢ ཁྲིམས་སྲུང་འགག་པ་གིས་ དབྱེ་ཞིབ་འབད་བའི་བསྒང་ཡོདཔ།

༡༧/༡༠/༢༠༡༢   ༉ ད་རེས་ཁམས་ སྤ་རོ་རྡོ་གར་རྒེད་འོག་ ཟླ་བ་ཁ་གཡུས་ཚན་ནང་ ཕོ་སྐྱེས་༢ ཀྱིས་ བ་༡ ཨར་རྐུན་འབད་དེ་བསད་མིའི་ གནད་དོན་དེ་ སྤ་རོའི་ཁྲིམས་སྲུང་འགག་པ་གིས་ དབྱེ་ཞིབ་འབད་བའི་བསྒང་ ཡོདཔ་ཨིན་པས།


སྤ་རོའི་ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ དོགས་ཅན་ཕོ་སྐྱེས་༢ ཆ་ར་ བྱེ་མེད་ནང་ལུ་ཡོད་པའི་ ཤིང་དྲ་ཁང་ཅིག་ནང་ ལཱ་འབད་མི་ཨིནམ་ད་ ཁོང་༢ ལས་༡ ཧེ་མ་ ཟླ་བ་ཁ་རྡོ་བཏོན་ས་ཁོངས་ནང་ ལཱ་འབད་སྡོད་ཡོདཔ་བཞིན་དུ་ དུས་ཚོད་འ་ནེམ་ཅིག་ཁར་ གཡུས་ཚན་དེ་ནང་ ནོར་སེམས་ཅན་ཚུ་དག་མེད་སྦེ་ བཏང་བཞགཔ་ཤེས་མི་ལུ་བརྟེན་ ཆ་རོགས་དེ་ཁྱིད་དེ་ ནོར་ཨར་རྐུན་འབད་བར་ སོང་ནུག་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ དྲི་དཔྱད་འབད་བའི་སྐབས་ ཁོང་༢ ལུ་ ཁང་གླ་སྤྲོད་ནི་དང་ གཞན་ཡང་ ཟད་འགྲོ་མ་ལང་པའི་ དཀའ་ངལ་ཐོན་མི་ལུ་བརྟེན་ ནོར་ཨརཝ་རྐུ་སྟེ་བསད་ཐོག་ལས་ ཤ་བཙོང་ནིའི་ འཆར་གཞི་བརྩམས་ཡི་ཟེར་ སླབ་ཡོདཔ་ཨིན་པས།
བྱུང་རྐྱེན་དེ་ལུ་བརྟེན་ སྤ་རོའི་ཁྲིམས་སྲུང་འགག་པ་ཚུ་གིས་ སྤྱི་ཟླ་༡༠ པའི་ཚེས་༡༥ ལུ་ ཟླ་བ་ཁ་གཡུས་ཚན་ནང་སོང་སྟེ་ ད་ལྟོ་ཚུན་ལུ་ ནོར་སེམས་ཅན་ ག་དེམ་ཅིག་ བྱང་སྟོར་ཤོར་ཡོདཔ་ཨིན་ནའི་སྐོར་ལས་ དྲི་དཔྱད་འབད་ཡོདཔ་ཨིན་པས།
རྡོ་གར་རྒཔོ་ ལྷགཔ་ཚེ་རིང་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ལུ་ གཡུས་ཚན་ནང་ལས་ ནོར་སེམས་ཅན་༧ དེ་ཅིག་བྱང་སྟོར་ཤོར་ཡོདཔ་ཨིན་རུང་ ཡིག་ཐོག་ལུ་སྦེ་ རྒེད་འོག་ནང་ སྙན་ཞུ་ལྷོད་ལྷོདཔ་མེདཔ་ད་ ད་རེས་ཀྱི་རྐྱེན་ངན་བྱུང་བའི་ཤུལ་ལུ་ སྙན་ཞུ་ཡུ་གི་༣ ལྷོད་མི་ཚུ་ཡང་ ཁྲིམས་སྲུང་འགག་པ་ལུ་ སྤྲོད་ཅི་ཟེར་ཨིན་པས།
རྩི༌རང༌ལས༌ཨིན༌མི༌ དོགས༌ཅན༌༢ ཆ༌ར༌ སྐྱེས༌ལོ༌༢༠ ཉེར༌གྲངས༌ནང༌ཨིནམ༌ད་ ཁོང་༢ ཀྱིས་ སྤྱི་ཟླ་༡༠ པའི་ཚེས་༨ ལུ་ ཟླ་བ་ཁ་གཡུས་ཚན་གྱི་ ཚལ་མ་ནང་བཏང་བཞག་མི་ བ་༡ བསད་ཡོདཔ་ད་ གླང་༡ ཡང་ བསད་ནི་གི་ དཔའ་བཅམ་ཡོདཔ་ཨིན་པས།
ཁོང་༢ ཀྱིས་བསད་མི་ བ་གི་ཤ་དེ་ གླ་འཁོར་༡ ནང་ བཙུགས་འབག་འོང་ཞིནམ་ལས་ ཐིམ་ཕུའི་ ཤ་ཁང་༡ ནང་ བཙོང་ཡོདཔ་ཨིན་རུང་ འབྲུག་སོ་ནམ་བཟའ་སྤྱོད་ཁྲིམས་དོན་དབང་འཛིན་གྱིས་ ཤ་ཚུ་ འཕྱོག་བཟུང་འབད་ཐོག་ལས་ ཐིམ་ཕུ་ མེ་མེ་ལ་ཁ་ལུ་འབག་སྟེ་ ས་དོང་ནང་ ཨེབ་བཞག་ཡོདཔ་ཨིན་པས།
འབྲུག་སོ་ནམ་དང་བཟའ་སྤྱོད་ཁྲིམས་དོན་དབང་འཛིན་ལས་ འགོ་དཔོན་འགོ་འཛིན་ པར་ཀཤི་ ཏ་མང་གིས་འབད་བ་ཅིན་ མ་གཞི་ ཁྲིམས་མཐུན་གྱི་ཡིག་ཆ་ཚུ་ ག་ཅི་ཡང་མེད་པར་ ཤ་ཉོ་ནི་དེ་གིས་ ཤ་ཁང་དེ་ལུ་ཡང་ ཉེས་བྱ་ཕོག་དགོཔ་ཨིན་རུང་ ཤ་དེ་ ལེགས་ཤོམ་ཨིན་མི་ལུ་བརྟེན་ ཉེན་བརྡ་བྱིན་ཏེ་ བཞག་ཅི་ཟེར་ཨིན་པས།
སྤ་རོའི་ཁྲིམས་སྲུང་འགག་པ་གིས་ བཤད་མིའི་ནང་ དོགས་ཅན་༢ ཀྱིས་ ཤ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༨༠ རེ་སྦེ་ ཤ་ཀེ་ཇི་༨༠ ཤ་ཁང་དེ་ལུ་ བཙོང་ཏེ་ ཏི་རུ་ཚུ་རྫོགས་སོང་ནུག་ཟེར་ཨིན་པས།
དོགས་ཅན་༢ ཀྱིས་ ཤ་ཚུ་ ཤ་ཁང་ནང་བཙུགས་པའི་འཕྲལ་ལས་ འབྱོག་སོང་ཡོདཔ་ཨིན་རུང་ སྤྱི་ཟླ་༡༠ པའི་ཚེས་༩ ལུ་ ཐིམ་ཕུའི་ཁྲིམས་སྲུང་འགག་པ་ཚུ་གིས་ ཐིམ་ཕུའི་ས་ཁོངས་ནང་ ལས་འཛིན་བཟུང་འབད་དེ་ སྤ་རོའི་ཁྲིམས་སྲུང་འགག་པ་ལུ་ རྩིས་སྤྲོད་འབད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཁྲིམས་སྲུང་འགག་པ་ཚུ་གིས་ བྱ་ངན་དེ་ནང་ མི་གཞན་ཡང་ འབྲེལ་གཏོགས་ཡོད་མེད་ཀྱི་སྐོར་ལས་ དབྱེ་ཞིབ་འབད་དོ་ཟེར་ཨིནམ་ད་ དབྱེ་ཞིབ་ཚུ་འབད་ཚར་བའི་ཤུལ་ལུ་ གནད་དོན་དེ་ རྩོད་བཤེར་གྱི་དོན་ལུ་ རྫོང་ཁག་ཁྲིམས་འདུན་ནང་ གཏང་ནི་ཨིན་ཟེར་ ཨིན་པའི་གནས་ཚུལ།


ནོར་འཛིན་ལྷ་མོ།

No comments:

Post a Comment