གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་གི་དོན་ལུ་ མིང་གཏམ་ཁྱབ་སྤེལ་གྱི་ གོ་སྐབས་བཟང་པོ་ཅིག་ཨིནམ།


འཛམ་གླིང་སྤྱི་ཚོགས་ཀྱི་ ཉེན་སྲུང་ལྷན་ཚོགས་ནང་ སྤྱི་ལོ་༢༠༡༣-༢༠༡༤ གི་དོན་ལུ་ གཏན་འཇགས་མིན་པའི་ འཐུས་མི་༥ བཙག་འཐུ་གྲུབ་ཡོདཔ།
༢༠/༡༠/༡༢། ༉ འབྲུག་འདི་ སྤྱི་ལོ་༢༠༡༣ དང་༢༠༡༤ གི་དོན་ལུ་ འཛམ་གླིང་སྤྱི་ཚོགས་ ཉེན་སྲུང་ལྷན་ཚོགས་ཀྱི་ གཏན་འཇགས་མིན་པའི་ འཐུས་མི་རྒྱལ་ཁབ་གྲངས་སུ་ བཙག་འཐུ་གྲུབ་མ་ཚུགས་རུང་ ཨེ་ཤི་ཡ་དང་ པེ་སི་ཕིག་སྡེ་ཚན་ལས་ འདོམས་ངོ་ཅིག་སྦེ་ བཅའ་མར་གཏོགས་ཚུགས་མི་དེ་ ཁ་རྗེ་ཅན་ཅིག་ཨིན་པས།
འབྲུག་རྒྱལ་ཁབ་ཀྱིས་ འཛམ་གླིང་སྤྱི་ཚོགས་ཀྱི་ མངོན་པར་མཐོ་བའི་ ཚོགས་སྡེའི་ནང་ སྡོད་ཁྲི་ཅིག་གི་དོན་ལུ་ ད་རེས་འགོ་དང་པ་ དོ་འགྲན་འབད་མི་དེ་གིས་ རྒྱལ་སྤྱི་མི་སྡེ་ལས་ཚོགས་དང་གཅིག་ཁར་ ཞི་བདེ་དང་ ཉེན་སྲུང་གི་ འགན་ཁུར་ཚུ་ འདྲ་མཉམ་འབད་དགོ་པའི་ དུས་ཚོད་ལུ་ ལྷོད་ཡོད་པའི་ གསལ་སྟོན་འབདཝ་ཨིན་ཟེར་ ཁ་ཙ་ ཕྱི་འབྲེལ་ལྷན་ཁག་ལས་ གནས་ཚུལ་གསར་བཏོན་འབད་མིའི་ནང་བཀོད་ནུག།
སྤྱི་ཟླ་༡༠ པའི་ཚེས་༡༨ ལུ་ ནིའུ་ཡོག་ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡིག་ཚང་གཙོ་ཁང་ནང་ ཡོངས་ཁྱབ་ཚོགས་འདུའི་ འཐུས་མི་ཚུ་གིས་ ལྷོ་ཀོ་རི་ཡ་རྒྱལ་ཁབ་ལུ་ ཚོགས་རྒྱན་བཙུགས་ཏེ་ ཨེ་ཤི་ཡ་དང་ པེ་སི་ཕིག་སྡེ་ཚན་གྱི་ སྡོད་ཁྲི་ཐོབ་ཡོདཔ་ད་ འཐུས་མི་རྒྱལ་ཁབ་༡༩༣ གྱིས་ ཚོགས་རྒྱན་སྐོར་ཐེངས་དང་པ་བཙུགས་པའི་སྐབས་ ལྷོ་ཀོ་རི་ཡ་གིས་ ཚོགས་རྒྱན་༡༡༦ དང་ ཀེམ་བོ་ཌི་ཡ་གིས་ ཚོགས་རྒྱན་༦༢ དེ་ལས་ འབྲུག་གིས་ ཚོགས་རྒྱན་༢༠ ཐོབ་ཡོད་རུང་ སྐོར་ཐེངས་༢ པའི་ནང་ ལྷོ་ཀོ་རི་ཡ་གིས་ ཚོགས་རྒྱན་༡༤༩ དང་ ཀེམ་བོ་ཌི་ཡ་གིས་ ཚོགས་རྒྱན་༤༣ ཐོབ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ འཛམ་གླིང་སྤྱི་ཚོགས་ཀྱིས་ དུས་ཅི་ སྤྱི་ཟླ་༡༢ པའི་ཚེས་༣༡ ལུ་ ལོ་༢ ཀྱི་གནས་ཡུན་ཚང་མི་ གཏན་འཇགས་མིན་པའི་ འཐུས་མི་རྒྱལ་ཁབ་གཞན་༤ ཡང་བཙག་འཐུ་གྲུབ་ཡོདཔ་ད་ དེ་ཡང་ ཨཱསི་ཊེ་ལི་ཡ་དང་ ཨར་ཇིན་ཊི་ན་ ལག་སམ་བཱག་ ར་ཝཱན་ཌ་རྒྱལ་ཁབ་༤ ཨིནམ་བཞིན་དུ་ བཙག་འཐུ་གྲུབ་མི་རྒྱལ་ཁབ་༥ ལུ་ འབྲུག་གིས་་བཀྲིས་བདེ་ལེགས་ཡོད་ལུགས་ བཤདཔ་དང་འབྲེལ་ བཙག་འཐུའི་ནང་ བཅའ་མར་གཏོགས་མི་ ཀེམ་བོ་ཌི་ཡ་དང་ ཡིན་ལེནཌ་རྒྱལ་ཁབ་༢ ལུ་ཡང་ ཡིད་ཆེས་ངལ་རངས་ཡོད་ལུགས་བཤད་ནུག།
དེ་མ་ཚད་ འཐུས་མི་རྒྱལ་ཁབ་ཆ་མཉམ་གྱིས་ འབྲུག་ལུ་ རྒྱབ་སྐྱོར་དང་ སེམས་ཤུགས་ དེ་ལས་ མཉམ་འབྲེལ་གང་དྲག་འབད་མི་དེ་ལུ་ཡང་ འབྲུག་གཞུང་གི་ ཁ་ཐུག་ལས་ བཀའ་དྲིན་དགའ་ཚོར་ཡོད་ལུགས་བཀོད་ནུག།
ཕྱི་འབྲེལ་ལྷན་ཁག་གི་ གནས་ཚུལ་གསར་བཏོན་ནང་ བཀོད་པའི་ནང་གསལ་ འབྲུག་གིས་ འཐུས་མི་རྒྱལ་ཁབ་སྦོམ་ཆུང་དང་ གོང་འཕེལ་གྱི་ གནས་རིམ་མ་འདྲཝ་ཡོད་མི་ཚུ་ག་ར་ འདྲ་མཉམ་སྦེ་ བརྩི་མཐོང་བསྐྱེད་ཐོག་ལས་ འཛམ་གླིང་དེ་ ཞི་བདེ་དང་ ཉེན་སྲུང་ཅན་བཟོ་ནིའི་དང་ ལྷན་ཐབས་འབད་ནི་གི་ གོ་སྐབས་བྱིན་དགོ་པའི་ ཡིད་ཆེས་དང་བཅས་ སྤྱི་ལོ་༡༩༩༩ ལུ་ འདེམས་ངོ་སྦེ་ འཐོན་ནི་གི་ དང་འདོད་ཡོད་ལུགས་ གསལ་སྟོན་འབད་མི་དེ་ཡང་ ཉེན་སྲུང་ལྷན་ཚོགས་ནང་ གཏན་འཇགས་མིན་པའི་ འཐུས་མི་སྦེ་ ཕྱག་མ་ཞུ་མི་ རྒྱལ་ཁབ་ཚུ་གིས་ དོ་འགྲན་བྱུང་བཞིན་དུ་ཡོད་མི་དང་ དོ་འགྲན་གསརཔ་བྱུང་མི་ཚུ་ལུ་ ཐབས་བྱུས་གསརཔ་ ལྷན་ཐབས་འབད་ནི་དང་ ལྷན་ཚོགས་ཀྱི་ ལཱ་འབད་ཐངས་ལུ་ མནོ་ལུགས་དང་ ཐབས་ལམ་མ་འདྲཝ་ཚུ་གི་སྐོར་ལས་ རྩོད་འགྲན་འབད་ཚུགས་ཐབས་ལུ་ཨིན་པས།
གནས་ཚུལ་གསར་བཏོན་ནང་ བཀོད་དོ་བཟུམ་འབད་བ་ཅིན་ འབྲུག་གིས་ ཉེན་སྲུང་ལྷན་ཚོགས་ནང་ འཐུས་མི་སྦེ་ འཛུལ་ཞུགས་འབད་ནི་དེ་ གོ་སྐབས་སྦེ་མིན་པར་ འཛམ་གླིང་སྤྱི་ཚོགས་ཀྱི་འཐུས་མིའི་ འགན་འཁྲི་ཅིག་སྦེ་ ཆ་བཞགཔ་ཨིན་ཟེར་ཨིནམ་ད་ འཛམ་གླིང་སྤྱི་ཚོགས་ནང་ འཐུས་མི་སྦེ་ འཛུལ་ཞུགས་འབད་དེ་ མི་ལོ་༤༠ ལྷགཔ་ཅིག་ སོང་བའི་རིང་ལུ་ དཔལ་འབྱོར་དང་ མི་སྡེ་ འགྲོ་བ་མི་རིགས་ལས་སྡེ་གལ་ཅན་ཚུ་ནང་ ཕྱག་ཞུ་བའི་ ཁེ་ཕན་ཚུ་ ཐོབ་མི་ལུ་བརྟེན་ འབྲུག་གིས་ འཛམ་གླིང་ཞི་བདེ་དང་ ཉེན་སྲུང་གི་དོན་ལུ་ འགན་ཁུར་སྦོམ་འབག་ཚུགས་ནི་མས་མནོ་སྟེ་ ཉེན་སྲུང་ལྷན་ཚོགས་ནང་ འདེམས་ངོ་སྦེ་ གྲལ་གཏོགས་འབད་ཡི་ཟེར་ཨིན་པས།
འབྲུག་གིས་ ཉེན་སྲུང་ལྷན་ཚོགས་ཀྱི་དོན་ལུ་ བསྐུལ་བསྒྲགས་འབད་མི་དེ་གིས་ རྒྱལ་ཁབ་ཀྱི་ རང་བཙད་དེ་ རྩ་བརྟན་བཟོ་ཡོདཔ་མ་ཚད་ རྒྱལ་སྤྱི་མི་སྡེ་གིས་ འབྲུག་རྒྱལ་ཁབ་དང་ མི་སེར་ལུ་ གུས་ཞབས་དང་ ལེགས་སྨོན་ཚུ་ ཡར་དྲག་གཏང་ནི་ལུ་ ཕན་ཁྱད་བྱུང་ཡོདཔ་ཨིན་པས།
ཉེན་སྲུང་ལྷན་ཚོགས་དེ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཚོགས་སྡེ་གལ་གནད་ཅན་ཅིག་ཨིན་པའི་ཁར་ ལྷན་ཚོགས་ཀྱི་ འགན་འཁྲི་ངོ་མ་ར་ འཛམ་གླིང་ནང་ ཞི་བདེ་དང་ ཉེན་སྲུང་རྒྱུན་སྐྱོང་འཐབ་ནི་དེ་ཨིནམ་ད་ འཛམ་གླིང་ནང་ ཞི་བདེ་དམག་མི་ལག་ལེན་འཐབ་ནི་དང་ རྒྱལ་སྤྱིའི་དཔལ་འབྱོར་བཀག་དམ་འབད་ནི་ དེ་ལས་ དྲག་པོའི་ཐོག་ལས་ ངོས་ལེན་འབད་ནི་ཚུ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཉེན་སྲུང་ལྷན་ཚོགས་ཀྱིས་ གྲོས་ཐག་བཅད་ཐོག་ལས་ བསྟར་སྤྱོད་འབདཝ་ཨིན་པས།
ཉེན་སྲུང་ལྷན་ཚོགས་ཀྱི་ ཚོགས་ཐེངས་དང་པ་ར་ སྤྱི་ལོ་༡༩༤༦ ཟླཝ་༡ པའི་ཚེས་༡༧ ལུ་ ལཱོན་ཌཱོན་ཝེསི་མིནསི་ཊར་ལུ་ འཚོགས་ཡོདཔ་ད་ ལྷན་ཚོགས་ནང་ གཏན་འཇགས་ཀྱི་འཐུས་མི་རྒྱལ་ཁབ་༥ ཡོད་མི་དེ་ཡང་ འཛམ་གླིང་དམག་ཆེན་༢ པའི་ནང་ རྒྱལ་ཁ་ཐོབ་མི་ སྟོབས་ཤུགས་ཅན་གྱི་རྒྱལ་ཁབ་ རྒྱ་ནག་དང་ ཕ་རཱནསི་ ར་ཤི་ཡ་ ཡུ་ནའི་ཊེཊ་ ཀིང་ཌོམ་ ཡུ་ནའི་ཊེཊ་ ཨིསི་ཊེཊ་༥ ཨིནམ་བཞིན་དུ་ གཏན་འཇགས་མིན་པའི་ འཐུས་མི་རྒྱལ་ཁབ་༡༠ དེ་ གནས་ཡུན་ལོ་༢ ཀྱི་དོན་ལུ་ བཙག་འཐུ་འབདཝ་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག། 

No comments:

Post a Comment